རྩིས་ལོ་ ༢༠༢༦-༢༧ ཆེད་སྒོར་ས་ཡ་ ༣༤༠༠ ཙམ་གྱི་སྔོན་རྩིས་འཆར་འབུལ་ཞུས་པ།

བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་རྗེས་མའི་ཆེད་ཧིན་སྒོར་ས་ཡ་ ༣༤༠༠ ལྷག་ཙམ་གྱི་སྔོན་རྩིས་འཆར་འབུལ་ཞུས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གིས་རྩིས་ལོ་ ༢༠༢༦ དང་ ༢༧ ལོའི་ཆེད་ཧིན་སྒོར་ས་ཡ་ (༣༤༠༧།༤༢) སུམ་སྟོང་བཞི་བརྒྱ་བདུན་དང་ཞི་འབུམ་ཉི་ཁྲི་འཆར་འབུལ་ཞུས་འདུག་པས་རྩིས་ལོ་སྔོན་མ་དང་བསྡུར་ན་ས་ཡ་ཆིག་བརྒྱ་ལྷག་ཙམ་ཕར་ཡོད་པ་རེད།

བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་ཁྱབ་ཁོངས་དང་བཅས་པའི་རྩིས་ལོ་ ༢༠༢༦ དང་ ༢༧ ལོའི་འགྲོ་གྲོན་ཧིན་སྒོར་ས་ཡ་སུམ་སྟོང་བཞི་བརྒྱ་བཅུ་མེད་བདུན་དང་ཞི་འབུམ་ཉི་ཁྲི་ (༣༤༠༧་༤༢) ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༡༦ ཉིན་དབུ་འཛུགས་གནང་པའི་སྐབས་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ ཐོག་འཆར་འབུལ་ཞུས་སོང་བ་དང་། སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་ངོས་ནས་ཞིབ་འཇུག་གྲུབ་སྟེ་དངུལ་འབོར་ལ་སྤར་བྱ་དང་གཅོག་བྱ་མེད་པར་རྒྱབ་གཉེར་ཞུས་པ་སྤྱི་འཐུས་ལྷན་ཚོགས་སུ་བཀའ་ཁྲོལ་གཏན་འབེབས་ཀྱི་ཆེད་སྙན་སྒྲོན་ཞུས་པ་དེ་ཡིན་སྐོར་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ངོས་ནས་སྔོན་རྩིས་ཕྱོགས་བསྡོམས་ཧིན་སྒོར་ས་ཡ་ ༣༤༠༧།༤༢ འཆར་འབུལ་ཞུས་ཡོད་པའི་ཁྲོད། སྤྱི་ཚོགས་བདེ་དོན་ཆེད་བརྒྱ་ཆ་མཐོ་ཤོས་ཏེ་ ༦༦།༡༩ དང་། ཆབ་སྲིད་ཀྱི་ཆེད་དུ་དངུལ་འབོར་བརྒྱ་ཆ་ ༢༣།༣༨ དེ་བཞིན་འཛིན་སྐྱོང་གི་ཆེད་དུ་བརྒྱ་ཆ་ ༡༠།༤༣ ཆགས་འདུག་ཅིང་། སྤྱི་ཚོགས་བདེ་དོན་གྱི་ཆེད་དུ་བརྒྱ་ཆ་མཐོ་ཤོས་བཞག་གནང་པའི་རྒྱུ་མཚན་དེ་ཡང་། བོད་ཀྱི་རྩ་དོན་ཆེད་བཙན་བྱོལ་ནང་སྤྱི་ཚོགས་སྲ་བརྟན་གྱི་གལ་གནད་ལ་དམིགས་པ་ཞིག་ཡིན་སྐོར་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་ལགས་ཀྱིས་གསུངས་བྱུང་།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྩིས་ལོ་ ༢༠༢༦-༢༧ ལོའི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཆོས་གྲཊ་རྒྱ་མཚོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིར་དྭང་ལེན་གནང་བཞིན་པ།  ༢༠༢༦།༣།༡༦
སྤྱི་འཐུས་ཆོས་གྲཊ་རྒྱ་མཚོ་ལགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྩིས་ལོ་ ༢༠༢༦-༢༧ ལོའི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཆོས་གྲཊ་རྒྱ་མཚོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིར་དྭང་ལེན་གནང་བཞིན་པ། ༢༠༢༦།༣།༡༦ (RFA Tibetan)

ཐེངས་འདིར་འཛིན་སྐྱོང་བཀའ་ཤག་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་འགྲོ་གྲོན་ཆེད་ཁྱོན་བསྡོམས་ཧིན་སྒོར་ས་ཡ་ ༣༤༠༧།༤༢ འཆར་འབུལ་ཞུས་པ་དེ་བཞིན། རྩིས་ལོ་ ༢༠༢༥ དང་ ༢༠༢༦ ལོའི་ཐོག་མའི་སྔོན་རྩིས་བཀའ་འཁྲོལ་གཏན་འབེབས་སྒོར་ཧིན་སྒོར་ས་ཡ་ (༣༣༠༤།༠༡) ལས་ཧིན་སྒོར་ས་ཡ་བརྒྱ་དང་བཅུ་མེད་གསུམ་དང་བཞི་འབུམ་ཆིག་ཁྲི་ (༡༠༣།༤༡) མང་བ་ཆགས་ཡོད་པ་རེད།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་གྲོས་ཚོགས་ཚོགས་དུས་འདིའི་སྐབས་སུ་དམིགས་བསལ་ལས་རིམ་གཞན་འཆར་སྒྲིག་ཡོད་མེད་བཀའ་འདྲི་ཞུས་པར་ཁོང་གིས། ཐེངས་འདིར་བཀའ་ཤག་ངོས་ནས་སྔོན་རྩིས་མ་གཏོགས་ལས་རིམ་གཞན་དམིགས་བསལ་བསྣམས་ཕེབས་མེད་ཀྱང་། གྲོས་ཚོགས་ཀྱི་ཚོགས་ཆུང་ངོས་ནས་བོད་ཀྱི་རྒྱལ་དར་དང་རྒྱལ་གླུ་དང་འབྲེལ་བའི་སྙན་ཐོ་བསྣམས་ཕེབས་རྒྱུ་རེད་ཅེས་གསུངས་བྱུང་།

རྩ་བའི་ཐེངས་འདིའི་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་འདི་བཞིན་ཕྱི་ཟླ་ ༣ ཚེས་ ༣༠ བར་ཁྱོན་ལས་ཉིན་ ༡༣ རིང་འཚོག་བཞིན་ཡོད་པ་དང་། ལོ་འཁོར་གཅིག་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་འཚོག་གནང་གི་ཡོད་པས། ཕྱི་ཟླ་ ༣ པའི་ནང་རྩིས་ལོ་གསར་པའི་སྔོན་རྩིས་ཀྱི་གྲོས་ཚོགས་དང་། ཕྱི་ཟླ་ ༩ པའི་ནང་ལས་བསྡོམས་ཀྱི་གྲོས་ཚོགས་ཞེས་ལས་ཁུངས་ཁག་གི་ལས་དོན་དང་འབྲེལ་བའི་ཐོག་ལ་གྲོས་ཚོགས་ཚོགས་གནང་སྲོལ་ཡོད་པ་རེད།།

པར་ལེན་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།