སྦེལ་ཇིཡམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཕ་རན་སི་སྲིད་འཛིན་ཨེ་མེ་ནོལ་མེག་རོན་མཆོག་དང་མཇལ་འཕྲད་ཞུས་པར། སྲིད་འཛིན་མཆོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འཚམས་འདྲི་ཞུ་རོགས་ཞེས་གསུངས་འདུག

དེ་ཡང་ཕ་རན་སིའི་རྒྱལ་ས་པེ་རིསི་ནང་ཕྱི་ཟླ་ ༣ ཚེས་ ༢༣ ཉིན་ཨ་རབ་ཀྱི་འཛམ་གླིང་ཞིབ་འཇུག་ལྟེ་གནས་ཁང་ (Arab World Institute) དུ་བྷིབ་ལོསི་ (Byblos) ཞེས་པའི་འགྲེམས་སྟོན་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་མགྲོན་འབོད་གནང་བ་བཞིན་སྦེལ་ཇིཡམ་དང་ཕ་རན་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་མཉམ་ཞུགས་གནང་སྟེ། མཛད་སྒོའི་སར་ཕ་རན་སིའི་སྲིད་འཛིན་ལ་མཇལ་འཕྲད་བྱུང་འདུག

ད་རེས་ཀྱི་མཛད་སྒོ་འདིའི་ཐོག་ཕ་རན་སིའི་སྲིད་འཛིན་ཨེ་མེ་ནོལ་མེག་རོན་མཆོག་ (Emmanuel Macron) ཕེབས་ཏེ་གསུང་བཤད་གནང་ཡོད་པ་དང་། སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་སྲིད་འཛིན་དང་བཀའ་མོལ་ཞུས་འདུག སྐབས་དེར་དོན་གཅོད་མཆོག་གིས། ང་རང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཡིན་ཞེས་ངོ་སྤྲོད་ཞུས་པའི་སྐབས་དེར། སྲིད་འཛིན་མཆོག་གིས། ངས་༧གོང་ས་མཆོག་ལ་གུས་བརྩི་ཞུ་གི་ཡོད་པ་དང་། དེ་སྔོན་༧གོང་ས་མཆོག་མཇལ་པ་འདི་དུས་ད་ལྟ་ཡིན་ན་ཡང་དགའ་མོས་ཆེན་པོའི་ཐོག་ནས་དྲན་བཞིན་ཡོད། ༧གོང་ས་མཆོག་ལ་འཚམས་འདྲི་ཞུ་རོགས་ཞེས་གསུངས་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང།
ཡང་བོད་ཀྱི་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཕ་རན་སི་གཞུང་གིས་བོད་ཐོག་ལ་གཟིགས་ཕྱོགས་ཡག་པོ་ཡོད་སྐོར་མུ་མཐུད་གསུངས་པར། ད་རེས་ཚེས་ ༢༣ ཉིན་ཕ་རན་་སིའི་སྲིད་འཛིན་མཇལ་འཕྲད་བྱུང་པ་འདི་དང་། དེའི་སྔོན་ལ་སྐུ་ངོ་སྲིད་སྐྱོང་དང་མཇལ་འཕྲད་བྱུང་པ་འདི་གཉིས་ཀྱི་ཐོག་ནས་ཕ་རན་སི་གཞུང་གིས་བོད་དོན་ཐོག་ལ་གཟིགས་ཕྱོགས་འདི་གང་འདྲ་ཡོད་མིན་ཚོད་དཔག་ཞུ་རྒྱུ་ཁག་པོ་ཡིན་ན་ཡང་ང་ཚོ་མཇལ་འཕྲད་བྱུང་པའི་སྐབས་ལ་སྲིད་འཛིན་གྱི་གནང་སྟངས་དང་བཀའ་མོལ་གསུང་སྟངས་ལ་བལྟས་ན་གཟིགས་ཕྱོགས་འདི་ཡག་པོ་ཡོད་པར་ངོས་འཛིན་ཞུ་ཐུབ་ཀྱི་འདུག གཟིགས་ཚུལ་གང་འདྲ་ཡོད་མིན་ལ་མ་བལྟོས་པར་ང་ཚོས་འདི་འདྲའི་གོ་སྐབས་ཡང་ཡང་ལེན་ཐུབ་པའི་འབད་བརྩོན་ཞུས་ཏེ། ང་ཚོ་བོད་པ་འདིར་ཡོད་པ་དང་ཁོང་རྣམ་པར་ཡང་ཡང་དྲན་སྐུལ་ཞུ་རྒྱུ་འདི་གལ་ཆེན་པོ་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད་ཅེས་གསུངས་བྱུང་།

ད་རེས་འགྲེམས་སྟོན་འདིའི་དབུ་འབྱེད་མཛད་སྒོའི་ཐོག་ཕ་རན་སི་གཞུང་གི་འབྲེལ་ཡོད་དཔོན་རིགས་དང་། ཨ་རབ་དང་། ཡོ་རོབ། དེ་བཞིན་འཛམ་གླིང་ཡུལ་གྲུ་ཁག་ནས་ཕེབས་པའི་ཕྱི་འབྲེལ་མི་དང་། མཁས་དབང་སོགས་མང་པོས་མཉམ་ཞུགས་གནང་ཡོད་འདུག
ཁ་སྣོན་གསར་འགོད། སྒྲོལ་དཀར།
བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།
