བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་ཁྱབ་ཁོངས་དང་བཅས་པའི་རྩིས་ལོ་ ༢༠༢༦ དང་ ༢༧ ལོའི་འགྲོ་གྲོན་ཧིན་སྒོར་ས་ཡ་སུམ་སྟོང་བཞི་བརྒྱ་བཅུ་མེད་བརྒྱད་དང་། བརྒྱད་འབུམ་གསུམ་ཁྲི་དྲུག་སྟོང་གསུམ་བརྒྱ་བཅུ་མེད་བཞི་ (༣,༤༠༨,༨༣༦,༣༠༤) གཏན་འབེབས་ཞུས་པ་དང་ཐེངས་འདིའི་གྲོས་ཚོགས་ཀྱི་ལས་རིམ་མཇུག་བསྡོམས་གནང་ཡོད་ཅིང་། བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ཀྱིས། མ་འོངས་གྲོས་ཚོགས་དང་བཀའ་ཤག་ནང་སུ་ཕེབས་པ་ཡིན་ནའང་ཆོལ་གསུམ་གཅིག་ཏུ་བསྡུས་པའི་སྤྱི་པའི་མི་ཞིག་གི་ངོ་བོའི་ཐོག་ནས་ཕྱག་ལས་གནང་དགོས་ཤིང་། གཙོ་བོ་རྒྱ་ནག་གཞུང་གི་བཙན་འོག་ཏུ་མྱོང་བཞིན་པའི་བོད་ནང་གི་བོད་མི་རྣམས་སྙིང་དབུས་སུ་བཅངས་དགོས་ལ། བོད་ནང་གི་བོད་མི་ཚོས་བཙན་བྱོལ་ནང་གི་སྒྲིག་འཛུགས་ལ་རེ་བ་བྱེད་ས་ཞིག་ཆགས་དགོས་པ་ལས། ང་ཚོའི་བྱེད་སྟངས་བྱེད་ལུགས་ལ་སྐྱུག་མེར་ལངས་རྒྱུ་ཞིག་ཆགས་ཚེ། ང་ཚོས་རང་སོ་སོ་རྩ་མེད་བཏང་བ་ཞིག་ཆགས་རྒྱུ་ཡིན་པ་གསུངས་བྱུང་།

ལོ་འཁོར་གཅིག་གི་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་ཚོགས་གནང་གི་ཡོད་པས། ཕྱི་ཟླ་ ༣ པའི་ནང་རྩིས་ལོ་གསར་པའི་སྔོན་རྩིས་གཏན་འབེབས་གནང་རྒྱུའི་གྲོས་ཚོགས་དང་། ཕྱི་ཟླ་ ༩ པའི་ནང་ལས་བསྡོམས་ཀྱི་གྲོས་ཚོགས་ཞེས་ལས་ཁུངས་ཁག་གི་ལས་དོན་དང་འབྲེལ་བའི་ཐོག་ལ་གྲོས་ཚོགས་ཚོགས་གནང་སྲོལ་ཡོད་པ་ལྟར། ཐེངས་འདིའི་སྐབས་བཅོ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་དེ་བཞིན་སྔོན་རྩིས་ཀྱི་གྲོས་ཚོགས་ལས་རིམ་ཆགས་ཡོད་པ་རེད། སྔོན་རྩིས་ཀྱི་གྲོས་ཚོགས་འདིའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་ལོ་འཁོར་སྔོན་རྩིས་གཏན་འབེབས་དང་ལས་དོན་གནང་ཕྱོགས་དང་འབྲེལ་བའི་སྐོར་བགྲོ་གླེང་གིས་གཏན་འབེབས་གནང་པ་དང་དུས་མཚུངས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས། རྒྱལ་གླུ་བེད་སྤྱོད་བྱེད་ཕྱོགས་སོགས་དང་འབྲེལ་བའི་སྒྲིག་གཞི་གཏན་འབེབས་ཁག་ཅིག་གནང་ཡོད་པ་རེད་ལ། ཉེ་ལམ་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཅེས་པའི་ཁྲིམས་ཡིག་གསར་པ་ཞིག་གཏན་འབེབས་བྱས་པ་དེར་གདོང་ལེན་གནང་ཆེད་དུ། གྲོས་ཚོགས་ནས་ངོ་རྒོལ་གདོང་ལེན་གྱི་གྲོས་ཆོད་ཅིག་སྤྱི་མོས་ཀྱིས་གཏན་འབེབས་གནང་པ། དེ་བཞིན་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་ཀྱི་ཕོགས་ཐོབ་དང་། ཟུར་ཕོགས། ལས་ཐོན་ཕོགས། ཐོབ་ཐང་གཞན་ཁག་ཅིག་གི་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་གཏན་འབེབས་གནང་ཡོད་པ་རེད།
རྩ་བའི་ཐེངས་འདིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་ཁྲོད། སྲིད་སྐྱོང་སྤེན་པ་ཚེ་རིང་ལཊ་སྔོན་འགྲོའི་འོས་བསྡུའི་ནང་བརྒྱ་ཆ་ ༦༠ ལོན་ཏེ་དངོས་གཞིའི་འོས་བསྡུའི་ནང་ཞུཊ་མི་དགོས་པར་ ༢༠༢༦ སྲིད་སྐྱོང་དུ་འདེམས་ཐོན་བྱུང་ཡོད་པ་དང་། ཟླ་ ༤ ཚེས་ ༢༦ ཉིན་བོད་མི་འདུ་སྡོད་ས་གནས་ཡོངས་ཀྱི་ནང་། སྐབས་ ༡༨ བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་གནང་རྒྱུ་ཡིན་པ་ལྟར། ད་ལྟའི་སྐབས་ ༡༧ པའི་ལས་ཐོག་སྤྱི་འཐུས་ཁག་ཅིག་མ་འོངས་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མིར་བཞེངས་ཀྱི་མེད་ཅིང་། ཡང་ཁག་ཅིག་ནས་སླར་ཡང་དངོས་གཞིའི་འོས་བསྡུའི་ནང་མཉམ་ཞུགས་གནང་གི་ཡོད་པ་རེད།
སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས། ཐེངས་འདིའི་སྔོན་རྩིས་གྲོས་ཚོགས་སྐབས་སུ་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་གི་ཁ་ཕྱོགས་ལ་གཟིགས་པ་ཡིན་ན། ནམ་རྒྱུན་རང་རེའི་སྤྱི་ཚོགས་ཁྲོད་གྲོས་ཚོགས་ཟེར་ན་དུམ་བུ་གཉིས་ལ་ཡོད་པ་ལྟར་ངོས་འཛིན་ཞུས་པ་དེ་འདྲ་མིན་པར། གྲོས་ཚོགས་ཚོགས་དུས་འདི་བརྒྱུད། གལ་ཏེ་བོད་རྩ་དོན་གྱི་ཆེད་དུ་བགྲོ་གླེང་གི་དུས་ཚོད་གང་ཐུབ་གཏོང་་ཐུབ་ཚེ། གྲོས་ཚོགས་འཐུས་མི་སོ་སོའི་རྣམ་དཔྱོད་བེད་སྤྱོད་ཀྱིས་སྤྱི་དོན་ལ་ནུས་པ་གང་ལེགས་སྤུངས་ཐུབ་པ་དེ་གསལ་རྟོགས་ཐུབ་ཅིང་། ད་རེས་ཁོང་སྤྱི་འཐུས་ནས་ལས་འཁྱུར་གནང་བ་དང་བསྟུན། གྲོས་ཚོགས་འཐུས་མི་དེ་དག་ནི་ཁྲིམས་བཟོ་ལྷན་ཚོགས་ཤིག་ཆགས་ཀྱི་ཡོད་ཙང་། ཁྲིམས་བཟོའི་ལས་དོན་དེ་སྐབས་རེ་ལས་སླ་པོ་མེད་པས། བསམ་བློ་གུ་ཡངས་ཐོག་ནས་བགྲོ་གླེང་གིས་གཞན་གྱི་བསམ་ཚུལ་ཉན་འཇོག་ཐོག་ནས། ཕྱིས་སུ་ཁྲིམས་གཏན་འབེབས་སྐབས་ཁྲིམས་དེར་བརྩི་འཇོག་སོགས་ཀྱི་བསམ་བློ་ཁྱེར་ནས་ཕྱག་ལས་གནང་དགོས་པ་གསུང་གི་འདུག་ལ། སྤྱི་འཐུས་དགེ་བཤེས་སྨོན་ལམ་ཐར་ཕྱིན་ལགས་ཀྱིས། གལ་གནད་ཆེ་ཤོས་དེ་བཅའ་ཁྲིམས་ནང་བོད་དོན་བདེན་མཐའ་སེལ་་ཐབས་ཞེས་པ་དང་ཐོག་ཏུ་འཁོད་ཡོད་པ་ལྟར། དེ་གཞི་རྩར་བཞག་ནས་འགན་ཁུར་དགོས་གལ་ཆེ་བ་དང་། ༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བོད་མིའི་སྒྲིག་འཛུགས་འདི་བཞིན་སྐྱབས་བཅོལ་བ་གཞན་རྣམས་ལས་མི་འདྲ་བ་ཞིག་ཡོད་དུས་སྒྲིག་འཛུགས་འདི་མུ་མཐུད་སྲ་བརྟན་ཡོང་ཐབས་དང་། རྒྱལ་སྤྱིའི་ཁྲོད་བོད་ཀྱི་རྩ་དོན་ཆེད་འགན་ཁུར་དགོས་པ་དེ་གལ་ཆེན་ཡིན་པ་གསུངས་བྱུང་།

ཡང་སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས་ཀྱིས། སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་སུ་ཕེབས་མིན་ལ་མ་ལྟོས་པར་སྤྱི་འཐུས་ ༤༥ ཆ་ཚང་གིས། ལྷག་བསམ་རྣམ་དག་ཐོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་གཞིར་བཟུང་དང་གཞིས་བཞུགས་བོད་མི་སེམས་ནང་བཅངས་ཏེ། སོ་སོའི་སྒེར་དོན་བསྐྱུར་ནས་སྤྱི་བའི་རྩ་དོན་ལ་འབད་དེ་ཕྱག་ལས་གནང་དགོས་གལ་ཆེ་བ་གསུང་གི་འདུག་ལ། སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས། སྤྱི་འཐུས་ལྷན་ཚོགས་འདི་བོད་རྒྱ་ཆེའི་མི་མང་གི་སྐུ་ཚབ་ཡིན་ཡང་། བཀའ་ཤག་གི་ལས་དོན་ལ་སྟངས་འཛིན་དང་ལྷན་མཉམ་རུབ་ཀྱིས་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་སྐྱེལ་ཐབས་གནང་དགོས་པ། བོད་གཞིས་བྱེས་མཉམ་འཛོམས་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཐུབ་རྒྱུ་དེ་བཙན་བྱོལ་བ་རྣམས་ཀྱི་ལས་འགན་ཡིན་དུས། བཀའ་སྤྱི་གཉིས་དང་ཆོལ་གསུམ་བོད་མི་རྣམས་རྡོག་རྩ་ཆིག་སྒྲིལ་དང། འཕྱར་བ་གྲུ་འདེགས་ཀྱིས་སྒྲིག་འཛུགས་ལ་རྒྱབ་སྐྱོར་དགོས་གལ་ཆེ་བས། བསྟན་སྲིད་ལས་དོན་ཡོངས་ལ་ཤུགས་སྣོན་དགོས་པའི་དུས་ལ་བབ་ཡོད་ཅེས་གསུངས་བྱུང་།
གཞན་ཡང་ཐེངས་འདིའི་སྔོན་རྩིས་གྲོས་ཚོགས་སུ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་འཕོ་འགྱུར་དང་འབྲེལ་བའི་བསྐྱར་བཅོས་ཁྲིམས་འཆར་གཏན་འབེབས་གནང་ཐུབ་མེད་པ་རེད། དེ་ཡང་སྤྱི་འཐུས་ཁག་ཅིག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ལེའུ་ ༡༧ པ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་འཕོ་འགྱུར་དང་འབྲེལ་བའི་དོན་ཚན་ལྔ་པའི་ནང་གི་ནང་གསེས་གཅིག་སྲིད་སྐྱོང་དང་བཀའ་བློན་བྱེ་བྲག་པའམ། བཀའ་ཤག་ཡོངས་རྫོགས་ལས་འཁུར་ནས་འཕོ་འགྱུར་གྱི་བསྐྱར་བཅོས་ཁྲིམས་འཆར་ལ་མཐའ་གཅིག་ཏུ་ངོ་རྒོལ་གྱིས་དེ་ནི་སྤྱི་འཐུས་བྱེ་བྲག་པ་ཞིག་གིས་མཛད་གཙོ་རྣམ་པ་ཡོངས་ལ་དོན་མེད་ཀྱག་ཀྱག་གནང་སའི་ལམ་ཁར་འགྱུར་སྲིད་པ་དང་། སྤྱི་འཐུས་ཁག་ཅིག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་འཕོ་འགྱུར་གཏོང་ཆོག་པའི་ཚིག་འཁོད་ཡོད་ཀྱང་། འབྲུ་དོན་དེ་ཇི་ལྟར་ལག་བསྟར་ཐུབ་མིན་གྱི་ཐབས་ལམ་ཁ་གསལ་མེད་པས་མ་འོངས་མཛད་གཙོ་རྣམ་པ་འཕོ་འགྱུར་གཏོང་དགོས་བྱུང་ཚེ་དེ་ཁ་གསལ་དགོས་རྒྱུ་ནི་གྲོས་ཚོགས་ཀྱི་འགན་ཞིག་ཏུ་ངོས་འཛིན་གནང་གི་ཡོད་སྐོར་གསུང་མཁན་ཡོད་ཀྱང་ཁག་ཅིག་གིས་ད་ལྟའི་ཆར་མཛད་གཙོ་རྣམ་པ་འཕོ་འགྱུར་གཏོང་དགོས་གལ་གྱི་བྲེལ་བ་གཟིགས་ཀྱི་མེད་ཅིང་། སྤྱི་འཐུས་གང་ཞིག་གིས་སྒེར་གྱི་ཁེ་ཕན་ལ་དམིགས་ནས་མཛད་གཙོ་རྣམ་པ་མཚན་ངན་བཟོ་རྒྱུའི་ལག་ཆར་འགྱུར་བ་མ་གཏོགས། མང་གཙོའི་སྒྲིག་འཛུགས་ཡར་རྒྱས་དང་ལས་དོན་ཚགས་ཚུད་འགྲོ་རྒྱུར་ཕན་ཐོགས་པའི་བསྐྱར་བཅོས་ཤིག་མིན་སྐོར་སོགས་ཀྱི་བསམ་ཚུལ་བརྗེ་ལེན་གནང་འབྲས་སུ། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་འཕོ་འགྱུར་དང་འབྲེལ་བའི་བསྐྱར་བཅོས་ཁྲིམས་འཆར་ལ་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་རྒྱབ་སྐྱོར་མ་བྱུང་བར་བརྟེན་ཁྲིམས་འཆར་དེ་བཞིན་གཏན་འབེབས་གནང་ཐུབ་མེད་པ་རེད།།
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
