རྒྱ་ནག་གི་མི་རིགས་མཐུན་སྒྲིལ་སྐུལ་སྤེལ་ཟེར་བའི་ཁྲིམས་དང་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ལ་ངོ་རྒོལ་བྱ་ཆེད་ཞྭ་མོ་ནག་པོ་ཞེས་མིང་བཏགས་ནས་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བ།
རྒྱ་ནག་གཞུང་གིས་ད་བར་བོད་ནང་ལག་བསྟར་སྲིད་བྱུས་རྣམས་ནི་བོད་མི་རྣམས་ལ་ཞྭ་མོ་ནག་པོ་གཡོགས་པར་ངོས་འཛིན་དང་སྦྲགས་ངོ་རྒོལ་གྱི་རྣམ་པའི་ཐོག་ནས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བཞུགས་སྒར་རྡ་རམ་ས་ལ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་བར་ཉིན་གྲངས་ ༢༥ ཡི་རིང་ཞྭ་མོ་ནག་པོའི་གོམ་བགྲོད་ཅེས་པའི་ལས་འགུལ་ཞིག་སྤེལ་སོང་།
ཞྭ་མོ་ནག་པོའི་གོམ་བགྲོད་ཅེས་པའི་ལས་འགུལ་གྱི་དགོས་འདུན་གཙོ་བོ་ནི། རྒྱ་ནག་གཞུང་གིས་ཉེ་ལམ་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་རྒྱས་སྐུལ་འདེད་ཀྱི་ཁྲིམས་ལ་ངོ་རྒོལ་དང་། ༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེས་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པ། བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་གྱི་ལས་དོན་མཚམས་འཇོག་དགོས་པ། རྒྱ་གར་གཞུང་མང་གཉིས་ཀྱིས་བཙན་བྱོལ་བོད་མི་རྣམས་ལ་མཐུན་འགྱུར་རྒྱབ་སྐྱོར་གནང་བར་བཀྲིན་ཆེ་ཞུ་ཆེད་དུ་ཡིན་ཞེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཟླ་བ་གཅིག་མ་ཟིན་ཙམ་རིང་སྤེལ་རྒྱུའི་ཞྭ་མོ་ནག་པོའི་ལས་འགུལ་ཞེས་པ་འདི་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་རྒྱལ་སྒོ་ནས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་དབུ་འབྱེད་གནང་པ་དང་སྦྲགས། ལས་འགུལ་འདིའི་ནང་མཉམ་ཞུགས་གནང་མཁན་རྣམས་ཀྱིས་སོ་སོའི་སྒེར་གྱི་ལས་དོན་ཁག་བློས་གཏོང་གིས་བོད་ནང་གི་བོད་མི་རྣམས་སྙིང་དབུས་སུ་བཅངས་ཐོག་སྤྱི་པའི་རྩ་དོན་གལ་ཆེར་ངོས་འཛིན་གནང་བར་བསྔགས་བརྗོད་ཞུས་ཤིང་། བོད་མི་གཞོན་སྐྱེས་རྣམས་ཀྱིས་མ་འོངས་དེ་ལྟ་བུའི་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་དགོས་པའི་སྐུལ་མ་གནང་སོང་།
གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་པའི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་དེའི་ནང་། རྒྱ་གར་གྱི་ས་གནས་ཁག་ ༢༠ ནས་ལས་འགུལ་བ་ ༦༥ ཙམ་གྱིས་མཉམ་ཞུགས་གནང་འདུག་ཅིང་། དེའི་ཁོངས་ནས་ཐུབ་བསྟན་ཚེ་རིང་ལགས་ཀྱིས་ཕྱག་ཏུ་འབག་ཅིག་བསྣམས་ཤིང་། དེའི་ཐོག་ད་བར་རྒྱ་ནག་གཞུང་གི་བཙན་འོག་ཏུ་བོད་མི་རང་ལུས་མེར་བསྲེགས་གཏོང་མཁན་ཆ་ཚང་གི་མཚན་བཀོད་ཡོད་པ་དང་། གོམ་བགྲོད་ཀྱི་ལས་འགུལ་དེའི་ཐོག་སེམས་ཤུགས་ཆག་པ་སོགས་ཀྱི་རྐྱེན་ངན་བར་ཆད་འཕྲད་ཚེ། འབག་དེས་སེམས་ཤུགས་སྤར་ཆེད་དུ་དམིཊ་ཏེ་བཟོས་པ་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།

སྒང་ཏོག་ནས་རང་ལོ་ ༦༦ ཡིན་པ་སྤེན་པ་ལགས་ཀྱིས། ཁོང་གིས་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་འདིའི་ནང་མཉམ་ཞུགས་གནང་དོན་ནི། རང་ཉིད་ཨ་མ་ཞིག་ཡིན་པའི་ཆ་ནས་ལས་འགུལ་དེ་རིགས་ནང་མཉམ་ཞུགས་ཀྱིས། མ་འོངས་ཕྲུ་གུ་ཚོར་བོད་དོན་ཆེད་ལས་འགུལ་ནང་མཉམ་ཞུགས་དགོས་པའི་མིག་དཔེ་ལམ་སྟོན་གྱི་ཆེད་དུ་དམིགས་པ་ཡིན་ཞེས་གསུང་གི་འདུག་ལ། སྒང་ཏོག་ནས་ཡིན་པ་བསོད་ནམས་ཆོས་སྒྲོན་ལགས་ཀྱིས། ལས་འགུལ་དེའི་ནང་མཉམ་ཞུགས་གནང་མཁན་གྱི་བགྲེས་སོང་རྣམས་ཀྱི་ཆེད་དང་སོ་སོ་རང་ཉིད་རྐང་པ་ནད་པ་ཡིན་དུས་ལས་སླ་པོ་ཞིག་མིན་ཡང་། སེམས་ཁུར་གྱི་ཐོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་ནང་གི་བོད་མི་རྣམས་ཀྱི་ཆེད་དུ་མཉམ་ཞུགས་གནང་པ་ཡིན་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཡང་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་ནས་ཕེབས་པའི་ཚེ་རིང་ཆོས་སྐྱིད་ལགས་ཀྱིས། བོད་ལ་རང་བཙན་མ་ཐོབ་གྱི་བར་དུ་ལས་འགུལ་ཆེ་ཆུང་ཆ་ཚང་ནང་མཉམ་ཞུགས་གནང་རྒྱུ་དེ་བོད་མི་ཚང་མའི་ལས་འགན་ཡིན་པར་ངོས་འཛིན་གནང་གི་ཡོད་ཅེས་གསུངས་བྱུང་།
ཕྱི་ཟླ་ ༣ ཚེས་ ༣༡ སྟེ། ཕྱི་ལོ་ ༡༩༥༩ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་གཞུང་བཀའ་ཤག་སྐུ་འཁོར་དང་བཅས་པ་བཙན་བྱོལ་དུ་རྒྱ་གར་གྱི་ས་ཐོག་ལ་ཞབས་སོར་འཁོད་པའི་ཉིན་མོ་འཁེལ་གྱི་ཡོད་པ་འདི་ནས་དབུ་བཙུགས་ཀྱིས། ཕྱི་ཟླ་ ༤ ཚེས་ ༢༥ སྟེ། ༧ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་ ༡༡ པ་ཆེན་པོའི་འཁྲུངས་སྐར་དང་བསྟུན་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་བར་ཕེབས་ནས་མཚམས་འཇོག་གནང་རྒྱུ་རེད་འདུག
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
