འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་འཐུས་མི་འབར་ཕུང་པ་བདེ་ལེགས་རྣམ་རྒྱལ་ལགས་ཀྱིས། ཕྱི་ཟླ་ ༣ ཚེས་ ༣༡ དེ་བཞིན་ང་ཚོ་འབྲས་ལྗོངས་མི་མང་དང་ལྷག་པར་དུ་རྒྱ་གར་མི་མང་ཡོང་གི་ཆེད་དུ་བཀྲ་ཤིས་པའི་ཉིན་མོ་ཞིག་ཆགས་ཀྱི་ཡོད་པ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་ས་ཐོག་དུ་ཞབས་བཅགས་ནས་ང་ཚོ་འབྲས་ལྗོངས་མི་མང་དང་རྒྱ་གར་གྱི་མི་མང་ཡོངས་ལ་དགའ་འོས་པའི་དུས་བཟང་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་ལ། དེ་རིང་ང་རང་དངོས་སུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་མཛད་འཕྲིན་དང་འབྲེལ་བའི་སྐུ་པར་འགྲེམས་སྟོན་དབུ་འབྱེད་ཞུ་རྒྱུའི་གོ་སྐབས་ཐོབ་པ་ནི་སྐལ་པ་བཟང་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་གྱིས་བོད་ས་ཡོངས་རྫོགས་བཙན་བཟུང་གིས་ལོ་དེའི་ཕྱི་ཟླ་ ༣ ཚེས་ ༡༧ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པས་སྐུ་འཁོར་ལྷན་རྒྱས་ཕོ་བྲང་ནོར་བུ་གླིང་ག་ནས་ཆིབས་ཞལ་བསྒྱུར་གནང་སྟེ་བོད་མཚོ་སྣ་ས་ཁུལ་བརྒྱུད་ཕྱི་ཟླ་༣ ཚེས་ ༣༡ ཉིན་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་ཆགས་པའི་འཕགས་བོད་ས་མཚམས་སྐས་འཛེགས་མ་ཎིར་༧ཞབས་སོར་བདེ་བར་འཁོད་གནང་མཛད་པར་བརྟེན་བོད་ཀྱི་ལོ་རྒྱུས་ཁྲོད་དུས་ཚིགས་གནད་འགག་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་རེད།

མངའ་སྡེའི་གྲོས་ཚོགས་འཐུས་མི་ལམ་ཏ་བསྟན་འཛིན་ནོར་བུ་ལགས་ཀྱིས། ང་ཚོ་འབྲས་ལྗོངས་མི་མང་ཕལ་ཆེ་བ་ཆོས་ལུགས་ཀྱི་ཆ་ནས་ནང་པ་ཡིན་སྟབས། ཚོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་སྐུ་དངོས་སུ་བྱོན་པ་ཞིག་ལ་ངོས་འཛིན་ཞུ་གི་ཡོད་པ་དང་དད་པ་རྩེ་གཅིག་དུ་ཞུ་བཞིན་ཡོད། ༧གོང་ས་མཆོག་དང་འབྲས་ལྗོངས་མི་མང་བར་གྱི་འབྲེལ་བ་ནི་དམིགས་བསལ་དང་རྩ་ཆེན་ཞིག་རེད། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པིརེམ་སིངྒ་ཏ་མང་མཆོག་གིས་དབུས་འབྲས་ལྗོངས་མི་མང་ཚང་མས་༧གོང་ས་མཆོག་གི་ཞལ་མཇལ་དང་སྦྱིན་རླབས་ཞུ་ཆེད་བཞུགས་སྒར་རྡ་རམ་ས་ལར་བཅར་བཞིན་ཡོད་ལ་ངས་འབྲས་ལྗོངས་མི་མང་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་ཅེས་འགྲེལ་བརྗོད་གནང་སོང་།
ཡང་འབྲས་ལྗོངས་ཀྱི་ཡུལ་མི་ཤི་ཝ་ཀུ་མར་ར་ཡི་ལགས་ཀྱིས། ཕྱི་ཟླ་ ༣ ཚེས་ ༣༡ དེ་བཞིན་འཕགས་བོད་གཉིས་ཀྱི་འབྲེལ་ལམ་ཐོག་ལོ་རྒྱུས་རང་བཞིན་ལྡན་པའི་ཉིན་མོ་གལ་ཆེན་ཞིག་ཆགས་ཀྱི་ཡོད་པ་མ་ཟད། ༧གོང་ས་མཆོག་དང་འབྲས་ལྗོངས་བར་གྱི་འབྲེལ་ལམ་ཐོག་ལ་ཡང་ཉིན་མོ་གལ་ཆེན་ཞིག་ཆགས་ཀྱི་ཡོད་པ་རེད། གང་ཡིན་ཞུས་ན་ཁོང་བོད་ས་མ་ཤོར་གོང་ཕྱི་ལོ་ ༡༩༥༦ ལོར་འབྲས་ལྗོངས་ནང་༧ཞབས་སོར་བཀྲིན་བསྐྱངས་གནང་མཛད་ཡོད་པ་རེད། འདི་ལོ་ཁོང་དགུང་གྲངས་ ༩༠ ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་གྱི་ལོ་ཚིགས་འདིར་༧གང་ཉིད་སྐུ་ཁམས་གསལ་ཐང་དང་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་འདུན་ཞུ་བཞིན་ཡོད་ཅེས་གསུངས་བྱུང་།

ལྡི་ལི་རམ་ལྡུ་ལྷལ་ལགས་ཀྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཚེ་ཧྲིལ་པོར་འཛམ་གླིང་ཞི་བདེ་དང་ཆོས་ལུགས་མཐུན་སྒྲིལ་གྱི་ཆེད་དུ་རླབས་ཆེན་གྱི་མཛད་པ་བསྐྱངས་གནང་མཛད་ཡོད་པ་ནང་བཞིན་སྐྱེ་བུ་གཞན་སུ་ཞིག་ནས་ཀྱང་གནང་ཐུབ་ཐབས་མེད་པ་ཞིག་ཡིན་དུས་ངོས་རང་ཚོགས་པ་ཞིག་གི་ཚོགས་མི་དང་རྒྱ་གར་ཡུལ་མི་ཞིག་ཡིན་པའི་ཆ་ནས་༧གོང་ས་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་བྷ་རཏ་ རཏྣ་ (Bharat Ratna) འབུལ་ལམ་ཞུ་དགོས་པ་རྒྱ་གར་གཞུང་ལ་འབོད་སྐུལ་ཞུ་བཞིན་ཡོད་ཅེས་གསུངས་བྱུང་།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཆིབས་སྒྱུར་མཛད་སྐབས་རྒྱ་གར་ས་ཐོག་དུ་ཞབས་བཅགས་ཡུལ་ཐོག་མ་རྒྱ་གར་དང་བོད་ཀྱི་ས་མཚམས་ས་ཁུལ་སྐེས་འཛེགས་མ་ཎི་དང་། དེ་ནས་ཇི་མི་ཐང་། རྟ་དབང་དང་འབུམ་སྡེ་ལ། ཀེ་ལོང་བཅས་ཀྱི་ས་ཚིགས་བརྒྱུད་བཙན་འབྱོལ་དུ་ཆིབས་སྒྱུར་བསྐྱངས་ཡོད་པ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཕེབས་སྐབས་ཀྱི་ཕེབས་ལམ་དང་བཞུགས་བཞག་མཛད་ཡུལ་གྱི་ས་ཚིགས་དེ་དག་ལོ་རྒྱུས་རང་བཞིན་ལྡན་པ་དང། ལྷག་པར་དུ་ནང་པའི་ཡུལ་མི་ཚོར་གནས་རྩ་ཆེན་ཞིག་ཡིན་པར་ངོས་འཛིན་ཞུ་བཞིན་པའི་ཐོག་ཨ་རུ་ནཱ་ཅལ་མངའ་སྡེ་གཞུང་ཕྱོགས་ནས་ཀྱང་༧གོང་ས་མཆོག་གི་མཚན་གནས་རྗེས་འབྲེལ་གྱི་ནགས་ཚལ་གྱི་འགྲུལ་ལམ་དང་སྐྱེ་ལྡན་སྣ་ཚོགས་ལྡན་པའི་སྐྱིད་མོའི་འཚལ་ཞིག་འཛུགས་སྐྲུན་གནང་རྒྱུའི་ལས་འཆར་ཞིག་འགྲོ་མུས་ཡིན་པ་རེད།།
