ས་གནས་གསར་འགོད་པའི་ས་མིག
ས་གནས་གསར་འགོད་པའི་ས་མིག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ Delhi དང་ Kathmandu, Brussels, Australia
བཅས་སུ་ས་གནས་གསར་འགོད་པ་གསར་བསྡུའི་གསལ་བསྒྲགས།
དགོས་ངེས་ཆ་རྐྱེན།
- བོད་སྐད་དང་བོད་ཡིག་གི་ཤེས་ཚད་མཐོ་སློབ་ཐོན་པའམ་རང་རྐྱ་འཕེར་ངེས་ཡོད་པ།
- དབྱིན་ཡིག་དང་། དབྱིན་སྐད། ཡང་ན་རྒྱ་ཡིག རང་ཉིད་གནས་ཡུལ་རྒྱལ་ཁབ་ཀྱི་སྐད་ཡིག་དཔེར་ན་ནེ་པཱ་ལི་ (Nepalese) དང་ཧྥརན་སིའི་ (French) སྐད་ཡིག་གི་ཤེས་ཚད་རང་རྐྱ་འཕེར་ངེས་ཡོད་པ།
- ས་གནས་སུ་བོད་དོན་དང་འབྲེལ་བའི་གནས་ཚུལ་སྤྱི་དང་ལྷག་པར་དུ་གནས་ཡུལ་གཞུང་དང་གྲོས་ཚོགས་སོགས་ཀྱི་ནང་བོད་དོན་གནས་ཚུལ་ཁག་མཁོ་སྒྲུབ་ཐུབ་པའི་ཐོག ཕྱོགས་ལྷུང་མེད་པར་གནས་ཚུལ་འགོད་སྤེལ་ཐུབ་པ།
- སྲིད་གཞུང་དང་། ཆབ་སྲིད་ཀྱི་ཚོགས་པ། ཆོས་ལུགས་སྡེ་ཁག་གང་ཡང་རུང་བའི་ཤུགས་རྐྱེན་འོག་མ་སོང་བར་རང་ཉིད་གསར་འགོད་པའི་ངོ་བོར་དྲང་ཚུགས་འཕེར་བའི་ཐོག་གནས་ཐུབ་པ།
- རང་ཉིད་གནས་ཡུལ་རྒྱལ་ཁབ་ནང་གི་གསར་འགོད་པའི་སྒྲིག་གཞི་ཤེས་རྟོགས་ཡོད་པ།
- བརྙན་འཕྲིན་དང་རླུང་འཕྲིན་གཉིས་ཀའི་ཐོག་གནས་ཚུལ་འབྲི་བཀོད་དང་དྲི་ལན་། དེ་བཞིན་བརྙན་འཕྲིན་ཕྱོགས་བསྒྲིགས། (Video) སོགས་བྱེད་ཐུབ་པ། ༼གསར་འགོད་པའི་ལས་ཀར་བདམས་ཐོན་ཟིན་རྗེས་སྒྲ་དང་བརྙན་པར་ཕྱོགས་བསྒྲིགས་ཀྱི་སྦྱོང་བརྡར་སྤྲོད་རྒྱུ།༽གསར་འགོད་ལས་རིགས་ལ་བྱང་ཆ་ཡོད་པའམ། གསར་འགོད་ལས་རིགས་ཐོག་སློབ་སྦྱོང་གི་ལག་འཁྱེར་ཡོད་པ་ཚོར་དམིགས་བསལ་ཆ་རྐྱེན་ངོས་འཛིན་བྱེད་རྒྱུ།
ལས་འགན།
ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་ལས་ཁུངས་ཨ་མ་དང་། རྡ་རམ་ས་ལར་ཡོད་པའི་ཡན་ལག་ལས་ཁུངས་ཀྱི་འགན་འཛིན་དང་རྩོམ་སྒྲིག་པས་བཀོད་མངགས་འོག་གཙོ་བོ་བོད་ནང་དང་དམིགས་བསལ་ས་གནས་སོ་སོའི་ནང་འབྱུང་བའི་བོད་དོན་དང་འབྲེལ་བའི་གནས་ཚུལ་གནས་ཚུལ་རྩད་ཞིབ་བྱས་ཅིང་། ཁུངས་ལྡན་ཡིན་པ། རང་བཞིན་ཅན་གྱི་སྒྲ་དང་བརྙན་པར་ལྡན་པའི་གནས་ཚུལ་དུས་ཐོག་ཏུ་གཏོང་རྒྱུ།
གཞུང་དང་སྒྲིག་འཛུགས་ཁག་གིས་སྤེལ་བའི་དྲིལ་བསྒྲགས་ལ་སོགས་པ་ཁོ་ནའི་གནས་ཚུལ་མཁོ་སྒྲུབ་བྱས་པ་མིན་པར། སོ་སོ་རང་གིས་གནས་ཚུལ་སྣ་ཚོགས་མཁོ་སྒྲུབ་ཐུབ་པ་དགོས་པ།
ལས་ཡུན།
ཐོག་མར་ལོ་གཅིག་རིང་གི་གན་རྒྱ་དང་། དོ་བདག་གི་ལས་ཀར་ལས་ཁུངས་ཨ་མ་ནས་གདེང་འཇོག་འཕེར་བ་འབྱུང་ཚེ། ལོ་ལྟར་ཕྱི་ཟླ་དགུ་པའི་ཟླ་མཇུག་ཏུ་གན་རྒྱ་བསྐྱར་གསོ་བྱ་རྒྱུ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པའི་ལས་ཀར་ཞུགས་འདོད་ཡོད་ཚེ་གཤམ་གསལ་གློག་འཕྲིན་ཁ་བྱང་ཐོག་སློབ་ཐོན་ལག་ཁྱེར་དང་། དོ་བདག་གི་ལོ་རྒྱུས། གསར་འགོད་པའི་ལས་ཀ་བྱེད་འདོད་ཡོད་པའི་རྒྱུ་མཚན་དང་དམིགས་ཡུལ་སོགས་འཁོད་པའི་ཁ་ཤོག་འཚང་སྙན་བཅས་ཕྱི་ལོ་ ༢༠༢༣ ཕྱི་ཟླ ༧ ཚེས ༡༥ འགྱངས་མེད་ངེས་འབུལ་ཡོང་བ་དགོངས་འཇགས་ཞུ།
Email: rfajobs@rfa.org