འོས་བསྡུ་དེབ་འགོད་བྱེད་མཁན་ཉུང་དུ་ཕྱིན་པའི་རྐྱེན་གཙོ་བོ་གང་ཡིན་ནམ།
2020.11.18

ཉེ་ལམ་དབུས་འོས་བསྡུ་སྤྱི་ཁྱབ་འགན་འཛིན་སྤེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས་གསལ་བསྒྲགས་གནང་བ་གཞིགས་ན་༢༠༢༡ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུར་མིང་གཞུང་དེབ་བཀོད་མཁན་སྐབས་སྔོན་མ་༢༠༡༦ལོ་དང་བསྡུར་ན་མི་གྲངས་ཁྲི་གཅིག་ལྷག་ཙམ་ཉུང་དུ་ཕྱིན་ཡོད་པ་རེད་འདུག འོས་བསྡུ་དེབ་སྐྱེལ་མཁན་ཉུང་དུ་ཕྱིན་པ་ཡིན་ན་སྔོན་འགྲོ་འོས་འཕེན་མཁན་ཡང་ཕལ་ཆེར་ཉུང་དུ་འགྲོ་རྒྱུ་ཚོད་དཔག་ཐུབ་པ་ཞིག་ཡིན།དེ་རིང་ཁ་བའི་གྲོས་རྭ་ལེ་ཚན་འདིའི་ནང་འདི་ལོའི་འོས་བསྡུ་དེབ་འགོད་བྱེད་མཁན་ཉུང་དུ་ཕྱིན་པའི་རྐྱེན་གཙོ་བོ་ཁག་ཅི་ཡིན་མིན་གྱི་སྐོར་གླེང་རྒྱུ་དང་།དེ་ལ་ཐབས་ཤེས་ཅི་ཡོད།བརྗོད་གཞི་འདི་དང་འབྲེལ་བའི་རང་བཞིན་གྱི་དྲི་བ་ཁག་གཅིག་ཡོང་གི་ཡོད་པ་སྟེ།འོས་བསྡུ་དེབ་སྐྱེལ་མཁན་གྱི་གྲངས་འབོར་ཉུང་དུ་ཕྱིན་པ་དེའི་བོད་པའི་སྤྱི་ཚོགས་ནང་མང་གཙོའི་ཆ་ཤས་ལེན་མཁན་ཉུང་དུ་ཕྱིན་པ་ཞིག་བསྟན་གྱི་ཨེ་ཡོད། ཡང་ན་འདི་ལོ་སྲིད་སྐྱོང་འོས་མི་ལངས་མཁན་ཚོར་ལ་དོ་སྣང་ཆུང་བ་ཡོད་པ་ཨེ་རེད། གཞན་ཡང་བོད་པའི་སྤྱི་ཚོགས་ནང་སྲིད་སྐྱོང་འོས་བསྡུའི་སྐོར་འཁྲུག་ཆ་དོད་པོ་ཞིག་ཡོང་ཐབས་སུ་གཞུང་འབྲེལ་དང་ཚོགས་སྒེར་ཁག་གིས་གོ་རྟོགས་ལས་འགུལགང་རིག་སྤེལ་དགོས་ཡོད་མེད།དེ་བཞིན་དབུས་འོས་བསྡུ་ལས་ཁང་གིས་འོས་བསྡུར་མིང་གཞུང་དེབ་འགོད་བྱ་རྒྱུ་སླར་ཡང་གོ་སྐབས་གཉིས་པ་ཞིག་ཕྱི་ལོ་༢༠༢༠ཟླ་༡༢པའི་ཚེས་༢༣ནས་༢༨བར་སྤྲོད་གཏན་འཁེལ་བའི་དེས་འོས་བསྡུར་དེབ་འགོད་གྲངས་འབོར་ཇི་ཙམ་གྱིས་མང་ཏུ་གཏང་ཐུབ་མིན་གྱི་རེ་བ་སྐོར་གླེང་རྒྱུ་ཡིན། ད་རེས་ཀྱི་གླེང་མོལ་ནང་སྐུ་མགྲོན་གསུམ་ཡོད་པའི་ནང་ནས་ཨ་རིའི་མངའ་སྡེ་མེ་ནེ་སུཏྲ་བོད་རིགས་སྤྱི་འཐུས་ཚོགས་པའི་ཚོགས་གཙོ་ངག་དབང་འཆི་མེད་ལགས་དང་བྱང་ཨ་རིའི་ས་གནས་འོས་བསྡུའི་འགན་འཛིན་ལས་རོགས་ཁེ་ཎ་ཌའི་ནང་བཞུགས་པའི་ཤེས་རབ་མཐར་ཕྱིན་ལགས་དང་རྒྱ་གར་ལྷོ་ཕྱོགས་གདན་ས་ནང་བཞུགས་པའི་དགེ་བཤེས་ངག་དབང་སྟོབས་ལྡན་ལགས་རྣམ་པ་གསུམ་དང་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་བཅའ་འདྲི་ཞུས་པ་གསན་རོགས་གནང་།