རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོཊ་པས་༧གོང་ས་མཆོག་ལ་བྱམས་བརྩེའི་གཟེངས་རྟཊ་ཕུལ་བ།

རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ།

ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༡༡ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པས་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་། སྐབས་དེར་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐུན་མོང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཀ་རུ་ན་རཊ་ན་ (Karuna Ratna) ཞེས་པའི་བྱམས་བརྩེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་ཏེ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཀྱི་ཕེབས་ཕྱོགས་ཀྱི་སྐུ་དབང་དང་འབྲེལ་བའི་གནད་དོན་དེ་བཞིན་དེ་སྔ་༧གོང་ས་མཆོག་གིས་བཀའ་བསྩལ་ཟིན་པ་དེར་རྒྱབ་སྐྱོར་ཞུ་རྒྱུ་དང་། བོད་རྒྱའི་གྲོས་མོལ་སླར་གསོ་གང་མྱུར་ཐུབ་པར་འབད་བརྩོན་ཞུ་རྒྱུ། དེ་བཞིན་ཁོང་རྣམས་ཀྱིས་རྒྱ་གར་དང་རྒྱལ་སྤྱིའི་སྤྱི་ཚོགས་སུ་བོད་ཀྱི་གནད་དོན་མུ་མཐུད་གསོན་གནས་ཐུབ་པར་འབད་བརྩོན་ཞུ་རྒྱུའི་ཁས་ལེན་དམ་བཅའ་སྙན་གསེང་ཞུས་སོང་།

རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོཊ་པས་༧གོང་ས་མཆོག་ལ་བྱམས་བརྩེའི་གཟེངས་རྟཊ་ཕུལ་བ། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོཊ་པས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་སྐབས་བྱམས་བརྩེའི་གཟེངས་རྟཊ་ཕུལ་བ།

ཐེངས་འདིའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་སྐབས་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་ཚོགས་གཙོ་ཁིརེ་མེད་རིན་ཆེན་མཁའ་འགྲོ་ (R.K Khrimey) ལགས་དང་། རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པ་ (RSS) ཡི་དབུ་ཁྲིད་རྒན་གྲས་དང་་འཕཊ་བོད་མཛའ་སྦྲེལ་ཚོགས་པ་ (BTSM) ཐོག་མར་གསར་འཛུགས་གནང་མཁན་ (Indresh Kumar) ལགས། དེ་བཞིན་ཧིན་བོད་མཛའ་འབྲེལ་ཚོགས་པའི་རྒྱལ་ཡོངས་ཚོགས་གཙོ་ (Anand Kumar) ལགས་གཙོས་པའི་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་ཅིག་ཀྱང་ཕེབས་འདུག་ལ། བརྟན་བཞུགས་ཐོག་བཅར་མཁན་གྱི་གནད་ཡོད་མི་སྣ་དང་གཞན་ཚོགས་བཅར་བ་ཁག་ཅིག་གིས། རྒྱ་གར་གཞུང་མང་གཉིས་ནས་བོད་ཀྱི་གནད་དོན་ཐད་རྒྱབ་སྐྱོར་ཞུ་རྒྱུ་གལ་གནད་ཆེ་བ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ (Bharat Ratna) ཞེས་པའི་རྒྱ་གར་གྱི་སྤྱི་དམངས་གཟེངས་རྟགས་ཆེ་ཤོས་དེ་འབུལ་དགོས་པ་དང་། འདིའི་ཐོག་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་མུ་མཐུད་ཤུགས་སྣོན་སྐྱོན་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།

རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་ཚོགས་གཙོ་ཁིརེ་མེད་རིན་ཆེན་མཁའ་འགྲོ་ལཊ་ཀྱིས་མཇལ་ཞུ་སྐབས། ༢༠༢༦།༣།༡༡
རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོཊས་པས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་ཚོགས་གཙོ་ཁིརེ་མེད་རིན་ཆེན་མཁའ་འགྲོ་ལཊ་ཀྱིས་མཇལ་ཞུ་སྐབས། ༢༠༢༦།༣།༡༡ (RFA Tibetan)

དེ་ཡང་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་ཚོགས་གཙོ་ཁིརེ་མེད་རིན་ཆེན་མཁའ་འགྲོ་ (Rinchen Khando Khrimey) ལགས་ཀྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ནང་སྐུ་བཞུགས་མཛད་པའི་དུས་ཡུན་རིང་། བྱམས་བརྩེ་དང་ཞི་བདེ། མི་རིགས་མཐུན་སྒྲིལ་དང་འགྲོ་བ་མིའི་རིན་ཐང་སོགས་དང་འབྲེལ་བའི་དགོངས་གཞི་དེ་དག་གིས་རྒྱ་གར་ཙམ་མ་ཟད་འཛམ་གླིང་ཡོངས་སུ་མཛད་འཕྲིན་རླབས་ཆེན་བསྐྱངས་ཡོད་པས། ཁོང་རྣམས་ཀྱི་རེ་འདུན་དང་དམིགས་ཡུལ་གཙོ་བོ་ནི། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དེ་སྔ་ཆེས་མཐོའི་རྒྱལ་སྤྱིའི་གཟེངས་རྟགས་མང་དག་ཅིག་ཕུལ་་ཟིན་པ་ལྟར། རྒྱ་གར་གྱི་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་ (Bharat Ratna) ཡང་འབུལ་དགོས་པ་དེ་ཡིན་ཞིང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་མཚན་རྟགས་བསྡུ་རུབ་སོགས་ཀྱི་ལས་འགུལ་བརྒྱུད་རྒྱ་གར་གཞུང་ལ་ཞུ་གཏུག་བྱེད་མུས་ཡིན་པ་འགྲེལ་བརྗོད་གནང་བ་དང་སྦྲགས། ཞི་བའི་ཐབས་ལམ་སྣ་ཚོགས་བརྒྱུད་དམིགས་ཡུལ་འདི་འགྲུབ་ཆེད་འབད་བརྩོན་མུ་མཐུད་བྱ་རྒྱུ་ཡིན་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཡང་བོད་དང་རྒྱ་གར་གྱི་ས་མཚམས་ཨ་རུ་ན་ཅལ་ཁུལ་དུ་གནས་བཞུགས་དང་། ཕ་མེས་ཡང་མེས་ནས་བོད་དང་ཧ་ཅང་འབྲེལ་བ་ཆེ་བའི་ཚོགས་བཅར་བ་ལོ་ཀམ་ཊ་སར་ལགས་ཀྱིས། བོད་ལ་རང་དབང་ཐོབ་རྒྱུའི་ཆེད་ང་ཚོ་ཚང་མས་མཉམ་རུབ་ཀྱིས་འཐབ་རྩོད་བྱ་དགོས་ཞེས་དང་། བོད་ཀྱི་རྒྱལ་ཁབ་དེ་ནི་ཞི་བདེ་ཅན་གྱི་རྒྱལ་ཁབ་ཅིག་ཡིན་པས་རྒྱལ་ཁབ་སུ་ལའང་གནོད་འཚེ་སོགས་ཀྱི་ཉེན་ཁ་ཆགས་ཀྱི་མེད་དུས་རྒྱ་ནག་གཞུང་ནས་བོད་ལ་གནོད་འཚེ་མ་བྱས་པར་རང་གར་འཇོག་རོགས་ཞེས་གསུངས་སོང་ལ། ཐེངས་འདིར་ཁོང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་སྐབས་༧གོང་ས་མཆོག་དགུང་ལོ་བརྒྱ་དང་སོ་གཅིག་བརྒལ་བར་སྐུ་ཚེ་བརྟན་རོགས་གནང་ཞེས་གསོལ་འདེབས་ཞུས་ཤིང་། སྨོན་ལམ་དེ་བཞིན་ཡིག་ཐོག་ནས་ཀྱང་ཕུལ་པ་ཡིན་ཞེས་གསུངས་ཀྱི་འདུག་ལ། རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་དང་། ད་ལྟའི་ཆར་ཨ་རུ་ན་ཅལ་མངའ་སྡེའི་བྷི་ཇེ་པི་ (BJP) ཆབ་སྲིད་ཚོགས་པའི་ཚོགས་གཙོ་ཀ་ལིང་མ་ཡོང་ (Kaling Mayong) ལགས་ཀྱིས། བོད་ལ་རང་དབང་ཐོབ་ན་རྒྱ་གར་རྒྱལ་ཁབ་འདི་ཡང་ལྷིང་འཇགས་ལྡན་པའི་རྒྱལ་ཁབ་ཅིག་ཏུ་གྱུར་ངེས་ཡིན་པས། བོད་མི་ཡོངས་ནས་མུ་མཐུད་སེམས་ཤུགས་མ་ཆག་པར་བོད་དོན་འཐབ་རྩོད་གནང་དགོས་གལ་ཆེ་ཞེས་གསུངས་བྱུང་ལ། ད་དུང་འདི་ག་གསར་འགོད་པས་ཁོང་ལ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ (Bharat Ratna) གཟེངས་རྟགས་འབུལ་ལམ་ཞུས་པའི་གལ་གནད་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། ༧གོང་ས་མཆོག་ལ་གཟེངས་རྟགས་དེ་འབུལ་དགོས་ཀྱང་ཐོག་མའི་ཆར་གཞུང་འབྲེལ་གྱི་རིམ་པ་ཁ་ཤས་ཤིག་བརྒྱུད་དགོས་པ་གསུངས་བྱུང་།

གཞན་ཡང་བརྟན་བཞུགས་ཐོག་བཅར་མཁན་བོད་དོན་རྒྱབ་སྐྱོར་བ་སན་དྷི་ཡ་ལགས་ཀྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་ལས་ཡོངས་རྫོགས་འཛམ་གླིང་ཞི་བདེ་དང་འབྲེལ་བ་ཡོད་པས་ཁོང་ལ་ (Bharat Ratna) གཟེངས་རྟགས་འབུལ་རྒྱུ་དེ་ཧ་ཅང་གལ་ཆེ་ཞིང་། ང་ཚོར་སོ་སོའི་རྒྱབ་ཁབ་ལ་རང་དབང་ཐོབ་རྒྱུ་ག་ཚོད་གལ་ཆེན་པོ་ཡིན་པ་ལྟར་བོད་ལ་ཡང་གཅིག་མཚུངས་ཡིན་པས། རྒྱ་གར་བ་རྣམས་ནས་མུ་མཐུད་བོད་དོན་ལ་རྒྱབ་སྐྱོར་གནང་གལ་ཆེ་ཞེས་གསུངས་བྱུང་ལ། ཤམ་ཏ་ཇན་ལགས་ཀྱིས། རྒྱ་གར་ནང་གི་མང་ཚོགས་ནས་བོད་མི་ཚོར་རང་དབང་བསྐྱར་གསོ་ཡོང་སླད་འཕྱར་གྲུ་མཉམ་འདེགས་གནང་རྒྱུ་དེ་ཧ་ཅང་གལ་ཆེ་བའི་ལས་འགན་ཞིག་ཆགས་ཀྱི་ཡོད་ཅེས་གསུངས་བྱུང་།

རྒྱ་གར་རྒྱལ་ཡོངས་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁྱོན་ཉི་ཤུ་རྩ་བཞི་ཙམ་གྱི་ཚོགས་མི་ལྔ་བརྒྱ་མ་ཟིན་ཙམ་གྱིས་མཉམ་བཞུགས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་ཕུལ་བ་འདི་ནི། རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་འདུ་འཛོམས་མང་ཤོས་དང་ཐོག་མ་ཡང་ཆགས་ཀྱི་ཡོད་འདུག

པར་ལེན་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།