མའོ་ཙེ་ཏུང་ལྷ་ལྟ་བུར་རྩིས་རྒྱུ་མེད།
2013.12.26
རྒྱ་ནག་གི་སྲིད་འཛིན་ཞེའི་ཅིན་ཕུན་གྱིས་མའོ་ཙེ་ཏུང་ལྷ་ལྟ་བུར་ངོས་འཛིན་བྱ་རྒྱུ་མེད་ཅིང་ ཁོང་ཡང་འགྲོ་བ་མི་ཞིག་ཡིན་པས་ནོར་འཁྲུལ་ཡོང་སྲིད་པ་གསུངས་འདུག
དེ་ཡང་རྒྱ་ནག་གི་འགོ་ཁྲིད་འདས་པོ་མའོ་ཙེ་ཏུང་སྐྱེས་ནས་ད་བར་ལོ་ངོ་༡༢༠འཁོར་བའི་དྲན་གསོ་ཆེད་། རྒྱ་ནག་གི་སྲིད་འཛིན་ཞེའི་ཅིན་ཕུན་དང་། སྲིད་བློན་ལིའི་ཁ་ཆང་གཙོས་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་བདུན་མའོ་ཙེ་ཏུང་དྲན་གསོ་ཁང་དུ་འཛོམས་ནས་མའོ་ཡིས་ཕུང་པོར་གུས་འདུད་དང་། དྲན་གསོ་བྱས་ཡོད། དེའི་སྐབས་རྒྱ་ནག་གི་སྲིད་འཛིན་ཞིའི་ཅིན་ཕུན་གྱི་གསུང་བཤད་གནང་བའི་ནང་། མའོ་ཙེ་ཏུང་གི་མི་ཚེའི་ལོ་རྒྱུས་ནང་གི་བྱས་རྗེས་ཁག་ལ་འདེངས་འཇོག་གནང་ཡོད་པ་དང་། དུས་མཚུངས་མི་རྣམས་ཀྱིས་དོ་སྣང་བྱ་དགོས་པ་ཞིག་ལ། ལོ་རྒྱུས་ཐོག་གི་མི་སྣར་ལེགས་ཉེས་འདེངས་འཇོག་བྱེད་པའི་སྐབས། སྐབས་དེ་དུས་ཀྱི་སྤྱི་ཚོགས་གནས་བབས་དང་། ལོ་རྒྱུས་ཀྱི་ཆ་རྐྱེན་ལ་གཞིར་བཞག་ནས་གནས་ཚུལ་དབྱེ་ཞིབ་བྱ་དགོས་ལུགས་དང་། གསར་བརྗེའི་ལམ་ལུགས་སྲོལ་བསྟོད་བྱེད་མཁན་གྱི་འགོ་ཁྲིད་ཤིག་ཡིན་པ་ཙམ་གྱིས་ལྷ་ལྟ་བུར་ངོས་འཛིན་བྱ་རྒྱུ་མེད་ཅིང་། ཁོང་ནི་འགྲོ་བ་མི་ཞིག་ཡིན་པས་ནོར་འཁྲུལ་ཡོང་སྲིད་པ་ཞིག་ཡིན་པ་དང་། ལོ་རྒྱུས་ཀྱི་གནས་བབ་ངན་པའི་ནང་བྱུང་བའི་གྲུབ་འབྲས་འམ་ཡང་ན་ནོར་འཁྲུལ་ཚང་མ་མི་གཅིག་གི་བྱས་རྗེས་དང་། ལས་ངན་ཡིན་པར་ངོས་འཛིན་བྱ་རྒྱུ་མེད་པ་སོགས་ཀྱི་གཏམ་བཤད་སྤེལ་ཡོད་པ་རེད།
དེའི་ཐད་ཕྱི་རྒྱལ་གྱི་གསར་ལམ་ཐོག་སྤེལ་དོན། ད་རེས་རྒྱ་ནག་གི་དཔོན་རིགས་མཐོ་གྲས་ཚོས་མའོ་ཙེ་ཏུང་སྐྱེས་ནས་ལོ་ངོ་༡༢༠འཁོར་བའི་དུས་དྲན་ལ་སྲུང་བརྕི་ཞུས་བ་དེ་། ཚོགས་ཆེན་བཅོ་བརྒྱད་རྗེས་རྒྱ་ནག་གཞུང་གིས་བསྒྱུར་བཅོས་ཀྱི་གྲོས་ཆོད་མང་པོ་ཞིག་བཞག་ཡོད་པ་རྣམས་ལག་བསྟར་ཡོང་ཐབས་སུ་རྒྱ་ནག་ནང་ཡོད་པའི་གཡས་ཕྱོགས་ཀྱི་སྟོབས་ཤུགས་ཀྱིས་ཤུགས་རྐྱེན་ངན་པ་མི་ཡོང་རྒྱུའི་ཆེད་དུ་དམིགས་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
གསར་འགོད་པ་འཆི་མེད།