༧གོང་ས་མཆོག་གི་མཛད་འཆར་ཐད་རྒྱ་ནག་ཁོང་ཁྲོ།


2013.12.20
༧གོང་ས་མཆོག ༧གོང་ས་མཆོག།
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན།

༧གོང་ས་མཆོག་འཆར་ལོར་ནོར་ཝེ་ལ་ཆིབས་བསྒྱུར་མཛད་འཆར་ཡོད་པར་རྒྱ་ནག་གིས་ཁོང་ཁྲོའི་སྐད་ངན་གྱི་སྐྱོན་བརྗོད་བྱས་འདུག
དེ་ཡང་༧གོང་ས་མཆོག་འཆར་ལོའི་ཕྱི་ཟླ་༥པའི་ནང་ནོར་ཝེ་ལ་ཆིབས་བསྒྱུར་མཛད་འཆར་ཡོད་པ་དང་། དེའི་ཐད་གསར་འགོད་པས་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་མ་ Hau Chunying ལ་དྲི་བ་དྲིས་སྐབས། ཁོ་མོས་རྒྱ་ནག་གི་ངོས་ནས་རྒྱལ་ཁབ་གང་ཞིག་གིས་ཏཱ་ལའི་བླ་མ་ལ་སྣེ་ལེན་བྱེད་རྒྱུ་དེར་མཐའ་ཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད། དེ་བཞིན་རྒྱ་ནག་གིས་འཛམ་གླིང་གི་ཡུལ་གྲུ་ཁག་གི་གཞུང་འབྲེལ་དཔོན་རིགས་རྣམས་ཀྱིས་ཏཱ་ལའི་བླ་མ་དང་མཇལ་མོལ་གྱི་རྣམ་པ་ཇི་འདྲ་ཞིག་གནང་བར་ངོ་རྒོལ་ཡོད་ཅེས་ལན་འདེབས་གནང་ཡོད་པ་རེད། ཡང་མགྲིན་ཚབ་མས་མུ་མཐུད་དུ། ང་ཚོའི་རེ་བར་འབྲེལ་ཆགས་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་བློ་ཚབས་བྱེད་སའི་གནད་དོན་གཙོ་བོ་ཁག་ལ་བརྩི་བཀུར་ཞུས་ནས་ཕྱོགས་ཕན་ཚུན་གྱི་འབྲེལ་བ་ཡར་རྒྱས་གཏོང་རྒྱུར་གྲུབ་འབྲས་ལྡན་པའི་ལག་བསྟར་གནང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་འདུག
ནོར་ཝེ་ཡུལ་གྱི་ནོར་སྦེལ་གཟེངས་རྟགས་ཚོགས་ཆུང་གི་དྲུང་ཆེ་སྐུ་ཞབས་Geir Lundestad  ཡིས། བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ནོར་ཝེ་ཡུལ་དུ་འཆར་ལོའི་ཕྱི་ཟླ་༥པའི་ནང་ཆིབས་ཕེབས་གནང་རྒྱུ་ཡིན་པ་དང་། མགོན་པོ་གང་ཉིད་ནོར་ཝེ་ཡུལ་ནང་རྟེན་གཞི་བྱས་པའི་ནང་པའི་ཆོས་ཚོགས་ཁག་གིས་གདན་ཞུ་གནང་བ་ལས་ནོར་སྦེལ་གཟེངས་རྟགས་ཚོགས་ཆུང་ནས་གདན་ཞུ་གནང་མེད་སྐོར་གསུང་འདུག  ཡང་ཁོང་གིས་འཆར་ལོ་ནི་༧གོང་ས་མཆོག་ལ་ནོར་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་བསྐྱང་ནས་ལོ་ངོ་༢༥འཁོར་བའི་དུས་ཆེན་འཁེལ་གྱི་ཡོད་སྟབས། སྐབས་དེར་ཁོང་༧གོང་ས་མཆོག་དང་མཇལ་ཁ་ཞུ་རྒྱུའི་འདུན་པ་ཡོད་སྐོར་ཡང་གླེང་ཡོད་པ་རེད།
སྤྱི་ལོ་༢༠༡༠ལོར་ནོར་སྦེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས་རྒྱ་ནག་གི་དམངས་གཙོ་དོན་གཉེར་གནང་མཁན་དང་། རྒྱ་ནག་གཞུང་དང་ལྟ་བ་ཐ་དད་འཛིན་གནང་མཁན་ལིའུ་ཤའོ་པའོ་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་གནང་བའི་རྗེས་རྒྱ་ནག་གིས་ངོ་ཚ་ཁྲེལ་མེད་དང་། མ་ཉེས་ཁ་གཡོག་གིས་ནོར་ཝེ་ཡུལ་གྱི་གཞུང་ལ་སྐྱོན་བརྗོད་དྲག་པོ་གནང་བ་མ་ཟད། ཡུལ་དེ་དང་འབྲེལ་བ་བྱེད་རྒྱུར་འགོག་རྐྱེན་དང་དཀའ་རྙོག་དུ་མ་ཞིག་ཆེད་བཟོས་བྱས་པའི་གནས་ཚུལ་ཐོན་ཡོད།
གསར་འགོད་པ་ལྷུན་གྲུབ་ཚེ་རིང་།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎