གྲོས་ཚོགས་ནང་ཡིག་ཆ་ཨང་༣༩པའི་སྐོར་གླེང་སློང་བྱས་རྐྱེན་སླར་ཡར་སྤྱི་འཐུས་གྲོས་ཚོགས་འཚོགས་མ་ཐུབ་པ་ཆགས་འདུག
སྤྱི་ཟླ་༩པའི་ཚེས་༡༠རེས་གཟའ་སྤེན་པའི་ཉིན་སྐབས་༡༧པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་ལས་ཉིན་༤པའི་སྔ་དྲོར། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༦༣པའི་ནང་གསེས་གཉིས་པའི་༼ག༽པ་གཞིར་བཟུང་བོད་མའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཐོག་གྲོས་ཚོགས་ནང་བགྲོ་གླེང་སྐབས། སྤྱི་འཐུས་ཁག་ཅིག་གིས་སྐབས་༡༦པའི་གྲོས་ཚོགས་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་བཅས་ཁྲིམས་དཔོན་གསུམ་ཀ་དུས་གཅིག་ཏུ་གནས་དབྱུངས་བཏང་པའི་གྲོས་ཆོད་ཡིག་ཆ་ཨང་༣༩པ་དང་འབྲེལ་ནས་གླེང་སློང་རིམ་པ་བྱས་པའི་རྐྱེན་གྱིས། སྤྱི་འཐུས་༡༣གྲོས་ཚོགས་ནས་ཕྱིར་ཐོན་བྱས་ཏེ་གྲོས་ཚོགས་ཀྱི་ངོ་ཡོད་རྩ་འབོར་གསུམ་ཆ་གཉིས་མ་ཚང་སྟབས། ཚེས་༡༠ཉིན་གྲོས་ཚོགས་ཚོགས་མ་ཐུབ་པ་ཆགས་པར་མ་ཟད། གཟའ་ཟླ་བ་ཕྱི་ཚེས་༡༢ཉིན་མུ་མཐུད་དུ་གྲོས་ཚོགས་འཚོགས་མ་ཐུབ་པར་གནས་ཡོད་པ་རེད། དེ་ནི་ཕྱི་ཚེས་༡༠ཉིན་ད་རེས་གྲོས་ཚོགས་ནང་འཕྲད་བཞིན་པའི་དཀའ་ངལ་སེལ་ཐབས་སུ་སྤྱི་འཐུས་ནང་ཁུལ་བཞུགས་མོལ་གྱི་ཚོགས་འདུ་འཚོགས་ཐབས་བྱས་ཀྱང་འཚོགས་མ་ཐུབ་པར་བརྟེན་གནད་དོན་ཐག་གཅོད་གང་ཡང་བྱུང་མིན་འདུག་ཅིང་། སླར་ཡང་ཕྱི་ཚེས་༡༠གཟའ་ཟླ་བའི་ཉིན་སྤྱི་འཐུས་ཀྱི་ཚོགས་གཙོ་ཚོགས་གཞོན་དང་སྤྱི་འཐུས་ཀྱི་ཤོག་ཁག་སོ་སོའི་སྐུ་ཚབ་དང་མཇལ་མོལ་གྱིས་དཀའ་ངལ་སེལ་ཐབས་བྱས་འདུག་ཀྱང་གྲུབ་འབྲས་མ་སོན་པར་བརྟེན་གྲོས་ཚོགས་ཀྱི་ཚོགས་འདུ་འཚོགས་ཐུབ་མེད་པ་རེད།
ཕྱི་ཚེས་༡༠ཉིན་སྤྱི་འཐུས་ཁག་ཅིག་ནས་ད་ཡོད་ཆེས་མཐོའི་ཁྲིམས་ཁང་ནང་ཡོད་པའི་ཁྲིམས་དཔོན་གཉིས་ནི་ཁྲིམས་མཐུན་མིན་པ་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་བཙན་འཛུལ་བྱས་པ་ཡིན་པ། ཡིག་ཆ་ཨང་༣༩པ་ད་ལྟ་ཡང་སོར་གནས་ཡོད་པ་སོགས་བརྗོད་པར། སྤྱི་འཐུས་གཞན་ཁག་ཅིག་གིས། སྤྱི་འཐུས་རྣམ་པས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་འཁོད་སྙན་ཞུ་ཕུལ་སྟེ། བཀའ་ཡིག་ལམ་སྟོན་གནང་པ་གཞིར་བཟུང་སྤྱི་འཐུས་རྣམ་པས་ཀྱང་དམ་འབུལ་ཞུས་པ་ནས་བཟུང་ཡིག་ཆ་ཨང་༣༩པའི་གནས་སྟངས་ནུས་མེད་སོང་ཟིན་པ་ཡིན་པ་གསུངས་པ་དང་། ད་ཆ་གྲོས་ཚོགས་ནང་སླར་ཡང་བཀའ་མོལ་འདི་རིགས་གནང་ན་མི་འགྲིག་པ་གསུངས་ཏེ། ཕྱོགས་གཉིས་བར་མི་མཐུན་པ་བྱུང་རྗེས་སྤྱི་འཐུས་ཁག་ཅིག་གྲོས་ཚོགས་ནས་ཕྱིར་ཐོན་གནང་ཡོད་པ་རེད།
སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་འདུ་ཇི་འདྲ་ཞིག་འཚོགས་ཀྱང་ངོ་ཡོད་སྤྱི་འཐུས་ཀྱི་རྩ་འབོར་གསུམ་ཆ་གཉིས་ཀྱི་གྲུབ་ཆ་ལོན་དགོས་ཀྱི་ཡོད་པ་རེད།
འདི་གའི་གསར་འགོད་པས་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་དང་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་རྣམ་གཉིས་ལ་བཅར་འདྲི་ཞུས་སྐབས། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས། དེ་སྔོན་ཁྲིམས་ཞིབ་པ་ཚོའི་གནད་དོན་དང་འབྲེལ་བའི་ཐོག་ལ་གླེང་སློང་བྱ་རྒྱུ་མེད་པའི་ཐག་གཅོད་ཟིན་ཡོད་ཀྱང་། ད་རེས་སླར་ཡང་ཁྲིམས་ཞིབ་པ་རྣམ་པ་ཚོར་ཁྲིམས་འགལ་དང་བཙན་འཛུལ་པ་ཞེས་བརྗོད་པ་རྐྱེན་གྱིས། ཚོགས་འདུ་འཚོགས་མ་ཐུབ་པའི་འགག་རྩ་འདིར་ཐུག་པ་གསུངས་པ་དང་། ཡང་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་ཀྱིས། གྲོས་ཚོགས་ནས་ཕྱིར་ཐོན་བྱེད་མཁན་སྤྱི་འཐུས་ཚོས་གྲོས་ཚོགས་མུ་མཐུད་ཚོགས་པར་ཆ་རྐྱེན་ཞིག་བཞག་ཡོད་པ་དེ་ནི་གྲོས་ཚོགས་ནང་ཡིག་ཆ་ཨང་༣༩པའི་ཐོག་གླེང་སློང་བྱེད་རྒྱུ་མིན་པའི་ཁས་ལེན་བྱེད་དགོས་པ་དེ་ཡིན། ཡིན་ནའང་། དེ་ཁས་ལེན་རྩ་བ་ནས་བྱེད་ཀྱི་མེད་པ་མ་ཟད། དེ་སྨྲ་བརྗོད་རང་དབང་བཀག་པ་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
གནད་དོན་དེའི་ཐད་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། གྲོས་ཚོགས་ཚོགས་མ་ཐུབ་པའི་གནས་སྟངས་འདི་ནི་གྲོས་ཚོགས་འཐུས་མི་ནང་ཁུལ་སེལ་དགོས་པ་ཞིག་ཡིན་པ་གསུངས་པ་དང་། གལ་ཏེ་གནས་སྟངས་འདི་མུར་གནས་པ་ཡིན་ན་ལས་དོན་བྱེད་ཕྱོགས་ཐད་དཀའ་ངལ་འཕྲད་རྒྱུ་ཡིན་པས། ཚང་མས་དགོངས་བཞེས་དགོས་པ་གསུང་གི་འདུག
དེ་དང་ཕྱོགས་མཚུངས་འདི་གའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས། སྤྱི་འཐུས་ཚོགས་གཙོ་མཁན་པ་བསོད་ནམས་བསྟན་འཕེལ་མཆོག་ལ་གོང་ཞུས་གནད་དོན་དང་འབྲེལ་བའི་ཐོག་བཅར་འདྲི་ཞུ་ཐབས་བྱས་ཀྱང་། གནད་དོན་དེ་ཐག་གཅོད་བྱེད་རྒྱུའི་ཐབས་ལམ་ཞིག་མ་རྙེད་བར་དུ་གནས་སྐབས་རིང་བཅར་འདྲི་དང་ལེན་གནང་རྒྱུ་མིན་པ་གསུངས་བྱུང་།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།
