བོད་ནས་ར་ལུག་ཁྲི་ཚོ་བརྒལ་བ་དམར་མཆོད་ཆེད་ནང་འདྲེན།


2014.09.15
བལ་ཡུལ་དུ་ར་ལུག་དམར་མཆོད་བྱེད་བཞིན་པ། ༢༠༡༡།༩ བལ་ཡུལ་དུ་ར་ལུག་དམར་མཆོད་བྱེད་བཞིན་པ། ༢༠༡༡།༩
ཀླུ་འབུམ

བལ་ཡུལ་ནང་Dashin་དུས་ཆེན་གྱི་དམར་མཆོད་ཆེད་གློ་ཡུལ་གྱི་ཚོང་པས་བོད་ནས་ར་ལུག་ཁྱོན་ཁྲི་གཉིས་ཙམ་བལ་ཡུལ་དུ་ནང་འདྲེན་བྱེད་ཀྱི་ཡོད་འདུག
དེ་ཡང་གློ་ཡུལ་གྱི་ར་ལུག་ཉོ་ཚོང་བྱེད་མཁན་ཚོང་པས་བལ་ཡུལ་གྱི་Dashinདུས་ཆེན་གྱི་ཆེད་དུ་བོད་ནས་ར་ལུག་འཕོན་ཆེ་ཉོས་ནས་ད་ལྟ་བོད་ཀྱི་ས་མཚམས་ནས་གློ་སྨན་ཐང་གི་ཕྱུག་རིག་ལས་ཁུངས་ནས་བལ་ཡུལ་དུ་དེད་ཆོག་པའི་ཆོག་མཆན་སྒུག་ནས་བསྡད་ཡོད་པ་དང།  དེ་སྔ་ཡང་བལ་ཡུལ་མི་སེར་བོད་དུ་བསྐྱོད་ནས་Dashinདུས་ཆེན་གྱི་ཆེད་དུ་བོད་ནས་ར་ལུག་ཉོས་ཏེ་བལ་ཡུལ་དུ་ནང་འདྲེན་བྱེད་པའི་ལོ་རྒྱུས་ཡོད་པ་མ་ཟད། ན་ནིང་མཚོན་ན་དུས་ཆེན་དེའི་ཆེད་དུ་བོད་ནས་ར་ལུག་ཉིས་ཁྲི་ལྔ་སྟོང་ཉོས་ནས་བལ་ཡུལ་དུ་ནང་འདྲེན་བྱས་ཡོད། འོན་ཀྱང་ན་ནིང་ར་ལུག་ཉོས་པའི་གྲངས་འབོར་མང་བ་བྱུང་ཡོད་པ་དང་། འདི་ལོ་ནི་ས་མཚམས་སུ་ཞིབ་བཤེར་དམ་དྲག་ཡོད་པར་བརྟེན་ནས་ར་ལུག་གི་གྲངས་འབོར་ཕྲན་བུ་ཉུང་བ་བྱུང་ཡོད་པ་རེད།
བོད་ནས་ར་ལུག་ཉོ་སྒྲུབ་བྱེད་མཁན་ནི། གློ་སྨན་ཐང་དང། Charang, Surkhang, Ghami སོགས་ཀྱི་ཚོང་པ་ཡིན་ཞིང་། ཁོང་ཚོས་བོད་ནས་ར་ལུག་འཕོན་ཆེ་ཉོས་ཏེ་བལ་ཡུལ་དབུས་ཀྱི་གྲོང་ཁྱེར་ནང་ཚོང་བསྒྱུར་བྱེད་པ་དང་། གློ་སྨན་ཐང་གི་ཕྱུག་རིགས་ལས་ཁུངས་ཀྱི་ལས་བྱེད་པས། བོད་ནས་ཉོ་སྒྲུབ་བྱས་པའི་ར་ལུག་ལ་རིན་གོང་རྒྱ་གར་གྱི་སྒོར་མོ་ས་ཡ་༣༠༠ རགས་ཀྱི་ཡོད་པ་བརྗོད་ཡོད་པ་རེད། གློ་སྨན་ཐང་ནས་ཡིན་པའི་མིག་དམར་གུ་རུང་ཞུ་བས། ཁོང་ཚོས་ར་ལུག་ཚོང་བའི་དུས་ཚོད་ཕྱི་ཟླ་དགུ་པའི་ཟླ་དཀྱིལ་ནས་འགོ་བཙུགས་ཀྱི་ཡོད་པའི་སྐོར་ངོ་སྤྲོད་བྱས་ཡོད་པ་རེད།
ཧིན་རྡུའི་ཆོས་ཕྱོགས་ཀྱི་Dashin་དུས་ཆེན་ནི་གཙོ་བོ་ཧིན་རྡུའི་ལྷ་མོ་ནོའུ་ཝ་རྡོར་དགའ་ཞེས་བས་བདུད་མན་ས་སོའུ་ཞེས་བ་འདུལ་བའི་རྒྱལ་ཁའི་དུས་ཆེན་ནམ་རམ་གྱིས་རྭ་ཝན་འདུལ་བའི་དུས་ཆེན་ལ་ངོས་འཛིན་བྱེད་བཞིན་པ་ཡིན་པར། བལ་ཡུལ་རྒྱལ་ཡོངས་ལ་ཆ་བཞག་ན་མ་ཧེ་དང་། ར་ལུག་སེམས་ཅན་སྟོང་ཕྲག་མང་པོའི་སྐེ་བཅད་ནས་དམར་མཆོད་གཏོང་སྲོལ་ཡོད་པ་རེད།

གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎