ལོ་ངོ་ ༢༩ རྗེས་ཨེ་ཤེ་རང་དབང་རླུང་འཕྲིན་ཁང་མཚམས་འཇོག

མ་དངུལ་མཁོ་སྤྲོད་ཀྱི་གནས་སྟངས་ངེས་མེད་ཀྱི་དབང་གིས་གསར་འགོད་པ་ཉུང་ཤས་ཤིག་ཡོད་པ་དེ་དག་གི་ལས་མཚམས་ཡང་འཇོག་རྒྱུ་རེད

སྤྱི་ཁྱབ་རྩོམ་སྒྲིག་པའི་འཕྲིན་ཡིག

གསར་ལས་ཁང་ནག་ཁུངས་སུ་གྱུར། སྐད་འཛིན་འཕྲུལ་ཆས་སྤྱོད་སྒོ་རྒྱབ་ཟིན། རྒྱང་བསྲིངས་ལས་རིམ་ཁ་ཁུ་སིམ་པོར་བཟོས། སྤྱི་ཚོགས་དྲ་རྒྱ་དང་དྲ་རྒྱའི་གནས་ཚུལ་གཉིས་ཀའི་ཐོག་གནས་ཚུལ་བཀོད་སྤེལ་མཚམས་འཇོག་བྱས།

བཀའ་ཁྲོལ་མ་དངུལ་མཁོ་སྤྲོད་ཀྱི་གནས་སྟངས་ངེས་བརྟན་མེད་པའི་རྐྱེན་གྱིས་ང་ཚོས་ད་ལྟ་ལྷག་འཕྲོས་ཀྱི་རྩོམ་སྒྲིག་ལས་དོན་ཁག་ཀྱང་བདུན་ཕྲག་འདིར་མཚམས་འཇོག་བྱེད་དགོས་ཆགས་ཡོད། འདི་ནི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལོ་རྒྱུས་ནང་ང་ཚོའི་གསར་འགྱུར་གསན་གཟིགས་གནང་མཁན་མང་ཚོགས་ལ་གསར་འགྱུར་མཁོ་སྤྲོད་བྱེད་མཚམས་འཇོག་དགོས་ཆགས་པ་ཐོགས་མ་དེ་ཆགས་རྒྱུ་ཡིན་པ་རེད།

སྟོབས་ཤུགས་དང་ངན་སེམས་རང་བཞིན་གྱི་གནོད་འཚེ་བྱེད་མཁན་ལ་མི་འཛེམས་པར་བློས་བཏང་ཆེན་པོ་བྱེད་མཁན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཚོར་ད་ལྟའི་གནས་སྟངས་འདི་ནི་བཟོད་ཀྱི་མི་ལངས་པའི་སེམས་སྡུག་གི་རང་བཞིན་ཞིག་རེད། འོན་ཀྱང་དེ་ལས་ལྡོག་སྟེ་དུས་ཡུན་རིང་པོའི་རིང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་མེད་པ་བཟོ་རྒྱུར་ལས་དོན་སྤེལ་མཁན་གྱི་སྲིད་དབང་གཅིག་བསྡུས་ཀྱི་དབང་འཛིན་པ་ཚོར་འདི་ནི་རྒྱལ་ཁ་ཞིག་དང་དགའ་བསུ་བྱེད་ཡུལ་ཞིག་ཆགས་པ་རེད།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཡུ་གུར་བའི་གསར་འགོད་པ་ཚོས་རྒྱ་ནག་གིས་ཤིན་ཅང་ནང་ཡུ་གུར་བ་ཚོའོ་ཐོག་དྲག་གནོན་དང་མང་ཚོགས་བཀག་ཉར་བྱེད་བཞིན་པའི་གནས་ཚུལ་ཐོགས་མར་ཐེར་འདོན་བྱས་སྐབས། རྒྱ་ནག་གིས་ཁོང་ཚོའི་ནང་མི་ཚོར་བརྙས་བཅོས་དང་འཛིན་བཟུང་སོགས་བྱས་ཡོད། འོན་ཀྱང་ང་ཚོའི་གསར་འགོད་པ་ཚོས་སྙིང་སྟོབས་ཆེན་པོས་རྒྱ་ནག་གིས་སྤེལ་བཞིན་པའི་སྡུག་རྩུབ་ཀྱི་བྱ་སྤྱོད་རྣམས་རྩད་ཞིབ་ཀྱིས་ཐེར་འདོན་མུ་མཐུད་བྱས་ཡོད་པ་རེད། འཛམ་གླིང་ནང་གི་ཡུ་གུར་སྐད་ཡིག་གི་གསར་འགྱུར་ཞབས་ཞུ་ཁང་གཅིག་པུ་འདི་ཡང་སྒོ་བརྒྱབ་ཟིན་པས། ད་ཆ་རྒྱ་ནག་གི་འཁྱོགས་བཤད་དྲིལ་བསྒྲགས་ཁག་ཤུགས་རྐྱེན་ལྡན་པའི་ངང་འགན་འཁྲི་ཞིབ་བཤེར་བྱེད་མཁན་ཞིག་མེད་པའི་ཐོག་ནས་རྒྱ་ཁྱབ་ཆེ་རུ་འགྲོ་སྲིད་པ་རེད།

དེ་བཞིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་གསར་འགོད་པ་ཚོའི་ཁ་མཚོན་ཡང་བཅད་ཟིན་པས། རྒྱ་ནག་གིས་བཙན་ཤེད་ཀྱི་ཐོག་ནས་བོད་ནང་མི་རིགས་མཉམ་བསྲེ་དང་། བོད་ཀྱི་རིག་གཞུང་དང་སྐད་ཡིག་རྩ་མེད་བཟོ་བའི་སྲིད་བྱུས་ཀྱི་སྐོར་ད་ཆ་གནས་ཚུལ་སྤེལ་མཁན་ཉུང་དུ་འགྲོ་རྒྱུ་ངེས་པ་ལྟར། རྣམ་ཀུན་ང་ཚོའི་གོའང་ཏོང་(Cantonese)སྐད་ཡིག་གི་གསར་འགོད་པ་ཚོས་སྒེར་གྱི་བདེ་འཇགས་ཀྱི་ཉེན་ཁར་མ་འཛེམས་པར་ཧོང་ཀོང་ནང་གི་མང་གཙོ་དོན་གཉེར་བ་ཚོར་འཇིགས་སྐུལ་དང་མཉའ་གནོན་གྱི་གནས་ཚུལ་བཀོད་སྤེལ་བྱེད་བཞིན་པ་དེ་དག་ཀྱང་ཉུང་དུ་འགྲོ་རྒྱུ་མ་ཟད། རྒྱ་སྐད་སྡེ་ཚན་དང་ཝཡེ་ནོ། དེ་བཞིན་ཨེ་ཤེ་ཡའི་བདེན་དོན་ཚོད་ཞིབ་ཁང་སོགས་མེད་པར་གྱུར་སྟབས། རྒྱ་སྐད་རྒྱ་ཡིག་ནང་རང་དབང་གི་གནས་ཚུལ་བཀོད་སྤེལ་དང་བདེ་དོན་དཔྱད་ཞིབ་ཀྱི་ལས་དོན་ལ་ཉམས་ཉེས་ཚབས་ཆེ་འགྲོ་རྒྱུ་ངེས་པ་རེད།

འདི་ལོ་མ་དངུལ་མཁོ་སྤྲོད་འགོག་རྐྱེན་གྱི་གནས་ཚུལ་ཐོག་མ་བྱུང་སྐབས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དང་རྩོམ་སྒྲིག་ལས་བྱེད་པ་མང་ཆེ་བའི་ལས་མཚམས་བཞག་དགོས་བྱུང་ཞིང་། འཕྲོས་ལྷག་གསར་འགོད་པ་ཁ་ཤས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་གྱི་ལྟ་ཚུལ་ཞེས་པའི་ལེ་ཚན་ཞིག་གཉེར་འགོ་བཙུགས་ཏེ། ཨ་རིའི་གྲོས་ཚོགས་ཀྱི་བཀོད་མངགས་ལྟར་གསར་འགོད་རང་དབང་ལ་སྡང་ཟུག་བྱེད་མཁན་གྱི་ཨེ་ཤེ་ཡའི་ས་ཁུལ་ཁག་ནང་གནས་ཚུལ་བཟང་ངན་བཀག་འགོག་མེད་པ་དང་བདེན་པའི་གནས་ཚུལ་མཁོ་སྤྲོད་བྱེད་དགོས་པའི་དམིགས་ཡུལ་ལྡན་པའི་ལས་འགན་དེ་སྒྲུབ་ཐབས་བྱས་ཡོད་ཀྱང་། ལས་རིམ་དེ་ཡང་ད་ཆ་མཚམས་འཇོག་བྱེད་རྒྱུ་རེད།

རང་དབང་ཅན་གྱི་གསར་འགོད་ནི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྲོག་རྩ་ལྟ་བུ་ཡིན་ཞིང་། ལོ་ངོ་ ༣༠ ཙམ་གྱི་གོང་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་བཙུགས་པ་ནས་བཟུང་ད་ཆ་ཐེངས་དང་པོར་རང་དབང་གི་སྒྲ་སྐད་དེ་གནས་མིན་ཉེན་ཁའི་གནས་སུ་གྱར་ཡོད་པ་རེད།

ང་ཚོས་ད་དུང་ཡང་ཛ་དྲག་གི་དགོས་དམིགས་དེ་དང་། སྙིང་སྟོབས་ཆེ་ཞིང་གཟེངས་སུ་ཐོན་པའི་ང་ཚོའི་གསར་འགོད་པ་ཚོར་་ཡིད་ཆེས་བྱེད་བཞིན་ཡོད་ལ་། ནམ་ཞིག་མ་དངུལ་མཁོ་སྤྲོད་སླར་གསོ་འབྱུང་མཚམས་ང་ཚོའི་ལས་རིམ་ཡང་སླར་གསོ་འབྱུང་ངེས་ཡིན།།

མུ་འཐུད་གཟིགས་ཨང།

Rosa Hwang

སྤྱི་ཁྱབ་རྩོམ་སྒྲིག་པ།