༧གོང་ས་མཆོག་གིས་ཨ་རིའི་ནང་ཞི་བདེའི་གོམ་བགྲོད་པ་ཚོར་འཚམས་འདྲིའི་གསུང་འཕྲིན་བསྩལ་བ།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ནང་གི་ཞི་བདེའི་གོམ་བགྲོད་གནང་མཁན་གྱི་དགེ་འདུན་པ་ཚོར་འཚམས་འདྲིའི་གསུང་འཕྲིན་བསྩལ་ཏེ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད་ཅེས་བཀའ་བསྩལ་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ནང་ཞི་བདེའི་གོམ་བགྲོད་གནང་མཁན་གྱི་དགེ་འདུན་པ་ཚོར་ཐུགས་བརྩེ་ཆེན་པོས་གསུང་འཕྲིན་བསྩལ་གནང་མཛད་པའི་ནང་། ངོས་ཀྱིས་ཨ་རིའི་ཊེཀ་སཱ་སི་ (Texas) མངའ་སྡེ་ནས་རྒྱལ་ས་ཝ་ཤིང་ཊོན་ཌི་སི་ (Washington, D.C.) བར་རྒྱལ་ཁབ་ཀྱི་འཆམ་མཐུན་དང་། མཐུན་སྒྲིལ། བྱམས་བརྩེ་བཅས་གོང་འཕེལ་གཏོང་ཆེད་ཞི་བདེའི་གོམ་བགྲོད་གནང་མཁན་ནང་པའི་དགེ་འདུན་པ་ཚོར་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད། ཁོང་རྣམ་པས་ལེ་དབར་ ༢༠༠༠ ལྷག་གི་རིང་གནམ་གཤིས་ཀྱི་དཀའ་ངལ་དང་ལུས་པོའི་དཀའ་ཚེགས་ལ་མ་འཛེམས་པར་ཞི་བདེའི་ཆེད་དུ་དམ་བཅའ་བརྟན་པོས་གོམ་བགྲོད་གནང་བ་འདིས། ཨ་རིའི་རྒྱལ་ཡོངས་དང་རྒྱལ་སྤྱིའི་ཐོག་དོ་སྣང་ཆེན་པོ་བྱུང་ཡོད་ཅེས་བཀའ་སློབ་གནང་འདུག

གསུང་འཕྲིན་ནང་ད་དུང་། ཁོང་རྣམ་པའི་ཁེངས་སྐྱུང་དང་ཞི་འཇམ་གྱི་སྤྱོད་ལམ་ཐོག་ནས་མི་དམངས་ལ་ཞི་བདེ་དང་ཕན་ཚུན་གོ་ཤེས་ཐུབ་པའི་བརྡ་ལན་ཞིག་སྤྲད་ཡོད་ལ། ལམ་བར་དུ་ཐུག་འཕྲད་བྱུང་བའི་མི་མང་པོ་སེམས་འགུལ་ཐེབས་པ་བྱུང་བ་འདི་གསར་འགྱུར་བརྒྱུད་ལམ་ནས་གནས་ཚུལ་སྤེལ་བའི་ཁྲོད་ར་སྤྲོད་ཐུབ་ཡོད། ཁོང་རྣམ་པའི་བྱ་སྤྱོད་འདིས་ཆོས་ལུགས་ཉམས་ལེན་པ་ཚོས་ཇི་ལྟར་བྱས་ཏེ་ནུས་པ་ལྡན་པའི་ཐབས་ལམ་ཐོག་ནས་སྤྱི་ཚོགས་ཀྱི་མཐུན་ལམ་དང་སྤྱི་པའི་གླེང་མོལ་ཐོག་ལེགས་སྐྱེས་ཕུལ་ཐུབ་རྒྱུར་མིག་དཔེ་ཞིག་སྟོན་ཡོད།

ཞི་བདེའི་གོམ་བགྲོད་འདི་བརྒྱུད་ནས་ཨ་རིའི་རྒྱལ་ཁབ་དང་། ཐ་ན་འཛམ་གླིང་ས་ཕྱོགས་གང་སར་ཞི་བདེ་དང་ཕན་ཚུན་གོ་ཤེས། བྱམས་བརྩེ་བཅས་ཀྱི་ས་བོན་བཏབ་ཐུབ་པའི་སྨོན་འདུན་ཡོད་ལ། སྨོན་ལམ་དང་བཀྲ་ཤིས་ལེགས་ཞུ་རྒྱུ་ཡིན་ཞེས་འཁོད་འདུག

གོང་ཞུས་ཀྱི་གསུང་འཕྲིན་འདི་ནི་ཞི་བདེའི་ཆེད་གོམ་བགྲོད་གནང་མཁན་ནང་པའི་དགེ་འདུན་པ་ཚོ་ཨ་རིའི་རྒྱལ་ས་ཝ་ཤིང་ཌོན་དུ་ཕེབས་ནས་ཕྱི་ཚེས་ ༡༡ ཉིན་ཨ་རིའི་གྲོས་ཚོགས་ནས་ལིན་ཁེན་དྲན་གསོ་ཁང་བར་གོམ་བགྲོད་གནང་ཡོད་པ་དང་། ལིན་ཁེན་དྲན་གསོ་ཁང་མདུན་གྱི་འདུ་འཛོམས་ཐོག་མི་ཚོགས་ཧ་ཅང་མང་པོ་མཉམ་ཞུགས་བྱས་ཡོད་ཅིང་། དེའི་ཁྲོད་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བསྩལ་བའི་གསུང་འཕྲིན་འདི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་སྒྲོག་སྦྱང་ངོ་སྤྲོད་གནང་པ་དང་། རྭ་རྒྱ་ཐེག་ཆེན་ཆོས་ཚོགས་ནས་ཤིང་བཟའ་རིན་པོ་ཆེ་ཐུན་མོང་ནས་གསུང་འཕྲིན་ཕྱག་ཡིག་འདི་དགེ་འདུན་པ་རྣམ་པའི་ཕྱག་ལ་དངོས་སུ་ཕུལ་ཡོད།།