བོད་ཀྱི་ལོ་གསར་ལ་ཨ་རིའི་གཞུང་ནས་ཕྱི་སྲིད་ལས་ཁུངས་སུ་མཛད་སྒོ་ཞིག་གཉེར་གནང་གི་ཡོད་པ་བཞིན་འདི་ལོའི་བོད་ཀྱི་ལོ་གསར་གྱི་དགའ་སྟོན་སྲུང་བརྩི་འདི་ཕྱི་ཟླ་ ༢ ཚེས་ ༡༧ ཉིན་གནང་ཡོད་པ་དང་། མཛད་སྒོའི་ཐོག་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་མཆོག་ནས་གསུང་བཤད་གནང་ཡོད།
ད་རེས་ལོ་གསར་གྱི་མཛད་སྒོའི་ཐོག་གསར་དུ་བསྐོ་བཞག་གནང་པའི་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སྐུ་ཞབས་རི་ལི་བྷརནསི་མཆོག་གི་གསུང་བཤད་ནང་། ཐོག་མར་ལོ་གསར་གྱི་དགའ་སྟོན་ལ་ཕེབས་མཁན་ཚོར་དགའ་བསུའི་འཚམས་འདྲི་གནང་པ་དང་། ཁོང་གིས་བཞུགས་སྒར་རྡ་རམ་ས་ལར་ཐེངས་གཉིས་ཕེབས་མྱོང་ཡོད་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགུང་གྲངས་ ༩༠ ཡི་༧སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་གནང་ཡོད་པ་མ་ཟད། ལྷག་པར་དུ་༧གོང་ས་མཆོག་གི་མཇལ་ཁ་ཐོབ་པ་བཅས་ཀྱིས་ང་ཚོའི་གལ་འགངས་ཆེ་བའི་ལས་དོན་འདི་དག་ལ་སྤྲོ་སེམས་དང་སྙིང་སྟོབས་གསར་པ་བྱུང་ཞེས་ངོ་སྤྲོད་གནང་ཡོད།

ཡང་ཁོང་གིས་གསུངས་པར། ལོ་གསར་སྲུང་བརྩི་ཞུས་པ་དང་མཚུངས་རེ་བ་གསར་པ་ཞིག་ཀྱང་ཆགས་ཀྱི་ཡོད་ན་ཡང་བོད་ནང་གི་བོད་མི་ཚོ་ནི་དཀའ་སྡུག་གི་གནས་སྟངས་འོག་ཡོད་ཅིང་། རྒྱ་ནག་དམར་ཤོག་གི་བཙན་གནོན་འོག་ལོ་རྒྱུས་ལྡན་པའི་རིག་གཞུང་འདི་དག་ལ་སྲུང་སྐྱོབ་བྱེད་པ་འདིའི་ཐོག་ནས་བོད་མིའི་སྙིང་སྟོབས་དང་དད་པ་འདི་མངོན་ཐུབ་ཀྱི་ཡོད་ཅེས་གསུངས་ཡོད།
ཡང་ཁོང་གིས་བོད་ཀྱི་རྩ་ཆེའི་ཤུལ་བཞག་རིག་གཞུང་ལ་སྲུང་སྐྱོབ་བྱེད་རྒྱུ་དང་། ལྷག་པར་དུ་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་དབུས་པའི་བླ་སྤྲུལ་རྣམ་པའི་ཡང་སྲིད་རང་དབང་ཐོག་ནས་ངོས་འཛིན་ཞུ་རྒྱུ་དང་བོད་མིའི་དད་མོས་ཀྱི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་རྒྱུ་དེ་ལས་འགན་གཙོ་བོ་ཡིན་པ་ནན་བཤད་གནང་ཡོད་ལ། རྒྱ་ནག་པེ་ཅིང་གཞུང་གིས་བོད་བརྒྱུད་ནང་བསྟན་དང་ཆོས་ལུགས་ཁག་ལ་དམ་དྲག་དང་དོ་དམ་བྱེད་བཞིན་པར་ཨ་རིས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་པ་སོགས་གསུངས་ཡོད།

ཡང་ད་རེས་ཀྱི་ལོ་གསར་མཛད་སྒོའི་ཐོག་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་ཀྱང་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་སྐུ་ཞབས་རི་ལི་བྷརནསི་མཆོག་ལ་བཀྲིས་བདེ་ལེགས་ཀྱི་འཚམས་འདྲི་ཞུས་ཤིང་། ཨ་རིའི་གཞུང་ནས་བོད་ཀྱི་བདེན་དོན་ལ་སྔ་ཕྱི་བར་གསུམ་དུ་རྒྱབ་སྐྱོར་དང་ཐུགས་འཁུར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་པ་མ་ཟད། མུ་མཐུད་ཨ་རིའི་ཕྱོགས་ནས་རྒྱབ་སྐྱོར་ཡོང་བ་སོགས་འགྲེལ་བརྗོད་གནང་སོང་།

ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས་ཀྱང་གསར་དུ་བསྐོ་བཞག་གནང་པའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་མཆོག་ལ་འཚམས་འདྲི་དང་སྦྲགས་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་པའི་སྤྱི་མཐུན་ཚོགས་པའི་རེས་གཟའ་ཉི་མའི་བོད་ཡིག་སློབ་གྲྭའི་ལོ་གསར་གྱི་གཞས་སྣ་འཁྲབ་སྟོན་སོགས་ངོ་སྤྲོད་གནང་ཡོད་པ་རེད།
ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་གྲོ་སོ་ཕྱེ་མར་དང་བཅས་པའི་བོད་ཀྱི་ལོ་གསར་གྱི་སྡེར་ཁ་སྒྲིག་གཤོམ་གནང་ཡོད་པའི་ཐོག་སྐུ་མགྲོན་རྣམ་པས་བོད་ཀྱི་ལོ་གསར་སྲུང་བརྩི་གནང་པ་འདིའི་ཁྲོད་ནས་ཨ་རིའི་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་ལ་ཆེ་མཐོང་ཡོད་པ་མཚོན་པར་ངོས་འཛིན་གནང་གི་འདུག་ལ། ཕྱི་ལོ་༢༠༡༥ ལོར་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་ཀྱི་ལོ་གསར་སྲུང་བརྩིའི་མཛད་སྒོ་འདི་དབུ་བཙུགས་གནང་ཡོད།།
