བོད་ཀྱི་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་འཕྲིན་ལས་རྒྱ་མཚོ་ལགས་ལོ་ལྔའི་ཁྲིམས་བཅད་དུས་བཀག་མ་རྫོགས་གོང་ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༢༥ ཉིན་གློད་གྲོལ་བཏང་ཡོད་རུང་། རྒྱ་ནག་གཞུང་གིས་ཁོང་ལ་ལྟ་རྟོག་ནན་པོ་བྱེད་བཞིན་ཡོད་པའི་སྐོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཕྱི་ཟླ་ ༢ ཚེས་ ༡༢ ཉིན་གནས་ཚུལ་སྤེལ་ཡོད་ལ། བོད་ནང་དུ་འབྲེལ་བ་ཡོད་པའི་མི་སྣ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་། དེ་བཞིན་བོད་གནས་ལྟ་ཞིབ་ཁང་གིས་ཕྱི་ཟླ་ ༢ ཚེས་ ༢༦ ཉིན་བོད་ནང་གི་གནས་ཚུལ་ཡོངས་ཁུངས་ཁག་ཅིག་ལུང་འདྲེན་གྱིས་གནས་ཚུལ་སྤེལ་བའི་ནང་སི་ཁྲོན་ཞིང་ཆེན་གྱི་གྲན་རྡུ་མན་ཡང་བཙོན་ཁང་ནས་གློད་ཡོད་པ་བརྗོད་འདུག
འཕྲིན་ལས་རྒྱ་མཚོ་ལགས་ནི་ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༡ ཉིན་འཛིན་བཟུང་བྱས་ཏེ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ཀྱི་ཡིག་ཆ་བཀྲམས་པའི་ཉེས་མིང་འོག དུས་ཡུན་རིང་པོར་དོ་དམ་བཀག་ཉར་དང་འདྲི་རྩད་བྱས་པའི་རྗེས་ཁོང་གི་ནང་མིར་གནས་ཚུལ་གང་ཡང་མ་བཤད་པར་རྒྱ་ནག་གི་ཁྲིམས་ཁང་ཞིག་གིས་ལོ་ལྔའི་ཁྲིམས་ཐག་བཅད་དེ་བཙོན་འཇུག་བྱས་ཡོད་འདུག
འཕྲིན་ལས་རྒྱ་མཚོ་ལཊ་སུ་ཆོས་ཕྱོཊ་ཀྱི་རྒྱུ་ཆ་འགྲེམས་སྤེལ་བྱས་པ་ཙམ་ལ་བསྙད་དེ་ལོ་ ༥ བཙོན་འཇུག་གི་ཁྲིམས་ཆད་བཀལ་པ་དེས། འདས་ལོ་བཅུ་ཕྲག་གཉིས་ཀྱི་རིང་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་ཇི་ཙམ་བྱེད་ཀྱི་ཡོད་པ་གསལ་སྟོན་བྱེད་ཀྱི་ཡོད།
— མ་ཡ་ཝང་། ཨ་རིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་གཞོན་པ།
ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་གཞོན་པ་ མ་ཡ་ཝང་ (Maya Wang) ལགས་ཀྱིས། འཕྲིན་ལས་རྒྱ་མཚོ་ལགས་ཐོག་མར་བཙོན་འཇུག་བྱེད་མི་རུང་བ་རེད། ཁོང་ལ་ཆོས་ཕྱོགས་ཀྱི་རྒྱུ་ཆ་འགྲེམས་སྤེལ་བྱས་པ་ཙམ་ལ་བསྙད་དེ་ལོ་ལྔའི་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དེས། འདས་པའི་ལོ་ངོ་བཅུ་ཕྲག་གཉིས་ཀྱི་རིང་རྒྱ་ནག་གཞུང་གིས་བོད་མི་ཚོའི་ཐོག་དྲག་གནོན་ཇི་ཙམ་བྱས་ཡོད་པ་གསལ་སྟོན་བྱེད་ཀྱི་ཡོད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
བཀག་བསྐྱིལ་བྱེད་པའི་སྐབས་ཀུན་སྤྱོད་བཟང་པོ་འདུག་ཅེས་བརྗོད་དེ་རྒྱ་ནག་གི་དབང་འཛིན་པས་ཁོང་དུས་བཀག་མ་རྫོགས་པའི་ཟླ་བ་ ༧ ལྷག་ཙམ་གྱི་གོང་ལ་གློད་གྲོལ་བཏང་ཡོད་ཀྱང་། ཁོང་རང་གི་དགོན་པར་ཕྱིར་ལོག་བྱེད་པའི་ཆོག་མཆན་སྤྲད་མེད་པར་བརྟེན་རང་ཁྱིམ་དུ་བཀག་སྡོམ་ནན་པོའི་འོག་ཏུ་ཡོད་པ་མ་ཟད། ལྟ་ཞིབ་དམ་དྲག་ཆེན་པོའི་འོག་གནས་ཡོད་པའི་སྐོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ནོར་རྒྱས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་གི་འདུག་ལ། བསྟན་འཛིན་ནོར་རྒྱས་ལགས་ཀྱིས་ད་དུང་། དུས་བཀག་མ་ཟིན་པའི་སྔོན་ལ་བཙོན་གྲོལ་བཏང་ཡོད་ཟེར་བ་འདི་རྒྱལ་སྤྱིའི་ནང་འགྲོ་བ་མིའི་ཐོབ་ཐང་ཐད་ལྟ་སྲུང་བྱེད་མཁན་གྱི་སྒྲིག་འཛུགས་དང་དེ་བཞིན་རྒྱལ་ཚོགས་ནང་སྡེ་ཚན་མང་པོ་ཞིག་ཡོད་པ་དེ་དག་ལ་ངོམས་གསོ་རྒྱག་ཆེད་དུ་དམིགས་པའི་བཟོ་འདྲ་ཞིག་མཐོང་གི་འདུག་ཅེས་བརྗོད་བྱུང་།
འཕྲིན་ལས་རྒྱ་མཚོ་ལགས་ཀྱི་ད་ལྟའི་གཟུགས་པོའི་གནས་སྟངས་སོགས་གནས་ཚུལ་ཁ་གསལ་ཤེས་རྟོགས་ཡོང་གི་མེད་སྟབས། མུ་མཐུད་རྩད་ཞིབ་ཞུ་མུས་ཡིན།
འཕྲིན་ལས་རྒྱ་མཚོ་ལགས་འཛིན་བཟུང་མ་བྱས་གོང་ཀིརྟི་དགོན་པར་སློབ་གཉེར་གནང་བཞིན་ཡོད་པ་དང་། ཁོང་ནི་རྒྱ་ནག་གཞུང་གིས་ས་བགོས་བྱས་པའི་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་དང་ཆང་རིགས་རང་སྐྱོང་ཁུལ་གྱི་རྨེའུ་རུ་མ་ནས་ཡིན་པ་དང་། རྒྱ་ནག་གཞུང་གིས་ཁོང་ལ་སྔོན་མ་ཡང་ཆབ་སྲིད་ཀྱི་བྱེད་སྒོ་སྤེལ་བའི་དོགས་གཞིའི་འོག་ནས་ཁོང་ལ་དོ་དམ་དང་འདྲི་རྩད་ཐེངས་ཁ་ཤས་བྱས་མྱོང་ཡོད་འདུག།
བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།
