ཨ་རི་དང་རྒྱ་ནག་གི་དཔལ་འབྱོར་དང་བདེ་འཇགས་བསྐྱར་ཞིབ་ལྷན་ཁང་གི་ཚོགས་གཞོན་གྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུས་པ།
ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༡༥ ཉིན་ཨ་རི་དང་རྒྱ་ནག་གི་དཔལ་འབྱོར་དང་བདེ་འཇགས་བསྐྱར་ཞིབ་ལྷན་ཁང་ (U.S -China Economic and Security Review Commission) གི་ཚོགས་གཞོན་མཡེ་ཀལ་ ཀུའི་ཀེན་ (Michael kuiken) ལགས་ཀྱིས་སྣེ་ཁྲིད་པའི་ཨ་རིའི་སྐུ་ཚབ་ཚོ་ཁག་ཅིག་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་ཆེད་བཅར་གྱིས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཡོད་པ་དང་། མཇལ་ཁ་གྲུབ་མཚམས་ཚོགས་གཞོན་མཡེ་ཀལ་ཀུའི་ཀེན་ལགས་ཀྱིས། ཐེངས་འདིར་གཙོ་བོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འཚམས་འདྲི་ཞུ་རྒྱུའི་ཆེད་མཇལ་བཅར་ཞུས་པ་དང་། བོད་མིའི་གནས་སྟངས་རྒྱུས་ལོན་ཆེད་བཞུགས་སྒར་རྡ་སར་བཅར་བ་ཡིན། ༧གོང་ས་མཆོག་གི་མཇལ་ཁ་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་ཞིང་། ༧གོང་ས་མཆོག་༧གང་ཉིད་དང་ལྷན་བཀའ་མོལ་ཡང་ཧ་ཅང་ཡག་པོ་བྱུང་། མཇལ་ཁའི་སྐབས་༧གོང་ས་མཆོག་གིས་ཞི་བདེའི་གལ་གནད་སྐོར་བཀའ་སློབ་བསྩལ་བྱུང་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཨ་རི་དང་རྒྱ་ནག་གི་དཔལ་འབྱོར་དང་བདེ་འཇགས་བསྐྱར་ཞིབ་ལྷན་ཁང་གི་ཚོགས་གཞོན་ (Michael kuiken) ལགས་ཀྱིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་གིས་ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༡༤ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་དང་དྲུང་འཕར་བཅས་དང་མཇལ་འཕྲད་གནང་ཡོད་པ་རེད།
ཨ་རི་དང་རྒྱ་ནག་གི་དཔལ་འབྱོར་དང་བདེ་འཇགས་བསྐྱར་ཞིབ་ལྷན་ཁང་ནི་ཕྱི་ལོ་ ༢༠༠༠ ཟླ་ ༡༠ པར་ཨ་རིའི་གྲོས་ཚོགས་ཀྱིས་གསར་འཛུགས་གནང་པའི་ཁྲིམས་བཟོ་ལྷན་ཁང་གི་ཡན་ལག་བསྐྱར་ཞིབ་ལྷན་ཁང་ཞིག་ཡིན་ཞིང་། ལྷན་ཁང་འདི་ནི་ཨ་རི་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཉིས་བར་གྱི་ཚོང་དང་དཔལ་འབྱོར་འབྲེལ་བའི་ཐོག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཤུགས་རྐྱེན་ཇི་ཐེབས་ལྟ་ཞིབ་དང་། ཞིབ་འཇུག གྲོས་ཚོགས་ལ་སྙན་ཞུ་འབུལ་རྒྱུ་དང་། དགོས་ངེས་སྐབས་སུ་གྲོས་ཚོགས་ལ་ཁྲིམས་བཟོ་དང་སྲིད་འཛིན་ལས་ཁུངས་ཀྱི་གནང་ཕྱོགས་ཐད་ལ་རྒྱབ་གཉེར་ལམ་སྟོན་འབུལ་རྒྱུའི་རང་དབང་ཅན་གྱི་སྡེ་ཚན་ཞིག་ཡིན་པ་རེད།
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་༧གོང་ས་མཆོག་གི་ཡང་སྲིད་ཐད་རྒྱ་ནག་ལ་ཐེ་བྱུས་མི་ཆོག་པའི་ནན་སྐུལ་གནང་པ།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཐད་རྒྱ་ནག་གཞུང་གིས་ཐེ་བྱུས་བྱེད་པར་ཨ་མི་རི་ཀས་གདོང་ལེན་གནང་རྒྱུ་ཡིན་པ་གསུངས་ཡོད་པ་རེད། དེ་ཡང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཕྱི་ཟླ་ ༣ ཚེས་ ༤ ཉིན་ཡིག་ཐོག་གསལ་བཤད་གནང་པའི་ནང་། བོད་ཀྱི་ནང་པ་ཚོར་ཆོས་ལུགས་གཞན་རྣམས་དང་གཅིག་མཚུངས་ངང་ཆོས་ལུགས་ཀྱི་དབུ་ཁྲིད་རྣམས་ངོས་འཛིན་དང་། ཤེས་ཡོན་སློབ་གསོ་སྤྲོད་པ། གུས་བཀུར་ཞུ་རྒྱུར་གཞུང་གིས་ཐེ་ཇུས་མེད་པ་ཞིག་དགོས་པའི་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་དང་། ༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༥ པ་ཚུད་པའི་བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་རྣམ་པའི་ཡང་སྲིད་ངོས་འཛིན་ཞུ་རྒྱུ་ནི། བོད་བརྒྱུད་ནང་བསྟན་གྱི་དད་ལྡན་པར་དབང་བའི་ཆོས་ཕྱོགས་ཀྱི་གནད་དོན་ཁོ་ན་རེད་ཅེས་བཀོད་གནང་འདུག
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཞིག་གིས་ད་དུང་། བོད་མིའི་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏོང་བ་དང་བོད་མིའི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་དང་སྐད་ཡིག རིག་གཞུང་། ཆོས་ལུགས་ཀྱི་རྒྱུན་སྲོལ་རྣམས་སྲུང་སྐྱོབ་བྱེད་པའི་ལས་དོན་ལ་ཨ་མི་རི་ཀས་རྒྱབ་སྐྱོར་བྱ་རྒྱུར་ཆོད་སེམས་བརྟན་པོ་ཡོད་ཅེས་གསལ་བཤད་གནང་ཡོད་པ་རེད།
ཨ་རིའི་ཕྱི་སྲིད་དྲུང་ཆེ་མརྐོ་རུ་སྦི་ཡོ་ (Marco Rubio) མཆོག་གིས་བོད་ཀྱི་ལོ་གསར་གྱི་འཚམས་འདྲིའི་བརྡ་འཕྲིན་གནང་པའི་སྐབས། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་སྡེ་ཚན་གྱི་དྲུང་ཆེ་ལས་རོགས་རི་ལེ་ ཨེམ་ བྷརནསི་ (Riley M. Barnes) ལགས་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པར་བསྐོ་བཞག་གནང་པའི་གསལ་བསྒྲགས་གནང་ཡོད་ཅིང་། བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་མཆོག་གིས་བོད་དོན་ནི་ཁོང་གི་ཐུགས་ནང་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། ལས་གནས་འདིའི་ནང་ཞབས་འདེགས་ཞུ་རྒྱུ་བྱུང་བ་འདི་ཆེ་མཐོང་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་ཅེས་དང་། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། སྐད་ཡིག ཆོས་ལུགས་བཅས་ལ་ཐེ་ཇུས་ཀྱི་འཇིགས་སྣང་མི་ཡོང་བར་སྲུང་སྐྱོབ་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་གསུངས་ཡོད།།
ཁ་སྣོན་གསར་འགོད། བཀྲ་དབང་།
པར་ལེན་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
