དྲ་རྒྱའི་སྟངས་འཛིན་གྱི་ཁྲིམས་འདི་དངོས་སུ་གཏན་འབེབས་བྱེད་ན། ཕྱི་རྒྱལ་དུ་ཡོད་པའི་བོད་པ་གཉེན་ཉེ་ཚོར་ཡང་ཉེས་ཆད་འགེལ་སྲིད་པར་འགྱུར་རྒྱུ་ཡིན་པའི་སྔོན་དཔག་གནང་གི་འདུག
དེ་ཡང་རྒྱ་ནག་གིས་དྲ་རྒྱའི་ནག་ཉེས་འགོག་པའི་ཁྲིམས་གཏན་འབེབས་བྱེད་རྒྱུའི་འཆར་གཞི་འདིང་བཞིན་པ་འདི་སྟངས་འཛིན་གྱི་སྒྲོམ་གཞི་གཅིག་གི་འོག་ནས་དོ་དམ་ནན་པོ་བྱེད་རྒྱུའི་འཆར་གཞི་ཞིག་ཡིན་པ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཉམས་ཞིབ་པས་བརྗོད་བྱུང་།
རྒྱ་ནག་གཞུང་གིས་དྲ་རྒྱའི་ནག་ཉེས་འགོག་པའི་ཁྲིམས་ཡིག་དོན་ཚན་ ༦༨ ཅན་གྱི་ཟིན་བྲིས་ཤིག་ཕྱི་ཟླ་ ༡ ཚེས་ ༣༡ ཉིན་རྒྱ་ནག་གི་སྤྱི་ཚོགས་བདེ་འཇགས་བློན་ཆེན་ལས་ཁུངས་ཀྱིས་བཏོན་ཡོད་པ་རེད། ཁྲིམས་ཡིག་འདིའི་འོག་ཁ་པར་དང་། དྲ་རྒྱ། དངུལ་ཁང་སོགས་ལ་རྒྱ་ནག་གཞུང་གི་མི་སྣ་ཚོས་ལྟ་ཞིབ་བྱེད་ཆོག་པར་འགྱུར་གྱི་ཡོད་པར་བརྟེན། རྒྱ་ནག་གཞུང་གི་སྲིད་བྱུས་ལངས་ཕྱོགས་དང་འགལ་བའི་ལས་དོན་བྱེད་མཁན་གྱི་དྭོགས་གཞི་བྱུང་རིགས་ལ། འཕྲལ་དུ་འཛིན་བཟུང་དང་དོ་དམ་བྱེད་སླ་བའི་ཆ་རྐྱེན་སྐྲུན་པ་མ་ཟད། དྭོགས་ཡོད་མི་སྣ་ཚོ་རྒྱལ་ཁབ་ནས་ཕྱིར་ཐོན་མི་ཆོག་པའི་དམ་དྲག་བྱེད་རྒྱུའི་ཆ་རྐྱེན་ཡང་སྐྲུན་ཡོད་པ་རེད།
དོ་དམ་གྱི་བྱ་སྤྱོད་འདི་དག་ ༢༠༡༦ གི་དྲ་ལམ་བདེ་འཇགས་ཀྱི་ཁྲིམས་དང་། ༢༠༢༡ གི་དྲ་ཐོག་གནས་ཚུལ་གྱི་ཁྲིམས་ཡིག་བཅས་སྒྲིག་སྲོལ་ཁག་རྒྱ་ནག་གི་ཁྲིམས་གཞི་གཅིག་གི་འོག་མཉམ་འདུས་བྱེད་དེ་རྒྱལ་ཁབ་ཀྱི་ཁྲིམས་འཆར་ཞིག་ཆགས་ཀྱི་ཡོད་པ་རེད།
བོད་ནང་དུ་དྲ་རྒྱ་དང་རྒྱུན་ལྡན་གྱི་བྱ་གཞག་ཐོག་ལ་དམ་དྲག་བྱེད་བཞིན་ཡོད་པ་དེ་སྒྲོམ་གཞི་གཅིག་གི་འོག་ཏུ་བཅུག་སྟེ་གཞུང་གི་མི་སྣ་ཚོས་ལྟ་སྲུང་བྱེད་བདེ་རུ་གཏོང་བ་ཞིག་དང་། ད་ལྟའི་ཆར་ཉེན་རྟོག་པ་ཚོས་ལྟ་སྲུང་དང་དམ་དྲག་བྱེད་བཞིན་ཡོད་པ་དེ་ད་དུང་དོ་ནན་དུ་གཏོང་རྒྱུའི་ཆེད་དམིགས་པ་རེད་ཅེས་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་གཞོན་པ་མ་ཡ་ཝང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དྲ་རྒྱའི་བདེ་འཇགས་དང་འབྲེལ་བའི་གནད་དོན་དབྱེ་ཞིབ་པ་བསྟན་འཛིན་དགྲ་ལྷ་ལགས་ཀྱིས། བོད་ནང་གི་ད་ལྟའི་གནས་སྟངས་ལོ་རེ་བཞིན་ཉེན་ཁ་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་རིགས་སྤུན་ཟླ་དང་ཕ་མ་སྤུན་མཆེད་དབར་ལ་འབྲེལ་བ་བྱེད་རྒྱུ་ཁག་ཏུ་འགྲོ་བཞིན་ཡོད་པ་འདི་མངོན་གསལ་ཆགས་ཀྱི་ཡོད། གང་ཡིན་ཞེ་ན། ཟིན་བྲིས་ཁྲིམས་འཆར་འདི་མ་འོངས་གཏན་འབེབས་བྱེད་ཚེ་བོད་ཙམ་མ་ཟད། གྲངས་ཉུང་མི་རིགས་ཀྱི་མངའ་ཁོངས་སུ་ཚོད་འཛིན་བྱེད་རྒྱུ་དང་། འཕྲུལ་ཆས་ལ་བརྟེན་ནས་དོ་ནན་གྱིས་མི་མང་ཚོ་འགུལ་ས་མེད་པའི་ཛ་དྲག་གི་གནས་སྟངས་ཤིག་ཆགས་རྒྱུ་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
བོད་ནང་མཚོན་ན། དེ་སྔ་བོད་མི་མང་དག་ཅིག་གིས་དྲ་ཐོག་ཏུ་བསམ་ཚུལ་བརྗོད་པར་བསྙད་དེ་ལོ་མང་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་བཏང་པ་དཔེར་ན། མདོ་སྨད་བླ་བྲང་གི་འཇིགས་མེད་རྒྱ་མཚོ་ལགས་དང་། དེ་མིན་ཕྱི་ལ་གནས་ཚུལ་སྤྲད་པའི་ཉེས་མིང་འོག་ལྷ་སར་ཡོད་པའི་ཨོསི་ཊརེ་ལི་ཡའི་འཕྲོད་བསྟེན་ཚན་པ་གཅིག་གི་ཆེད་དུ་ཕྱག་ལས་གནང་མཁན་དབང་འདུས་ལགས་སུ་ཚེ་བཙོན་གྱི་ཁྲིམས་ཆད་བཏང་པ་དང་། མིག་དམར་དོན་གྲུབ་ལགས་སུ་ལོ་ ༡༤ དེ་མིན་བོད་མི་གཞན་གསུམ་ལ་ལོ་ ༡༠ ནས་ ༡༥ བར་གྱི་ཁྲིམས་ཆད་བཏང་བ་སོགས་བྱུང་ཡོད་པ་རེད།
བོད་ནང་གི་བོད་མི་སུ་ཞིག་གིས་བོད་དང་རྒྱ་ནག་གི་ཕྱི་ཕྱོགས་སུ་ཡོད་པའི་གཉེན་ཉེར་གནས་ཚུལ་སྤྲོད་པ་དང་། དེ་མིན་ཕྱི་རྒྱལ་གྱི་ཚོགས་སྡེ་སུ་འདྲ་ཞིག་གིས་དེ་འབྲེལ་གྱི་ལས་དོན་སྤེལ་ན་དེ་དག་ཀྱང་ཁྲིམས་འདི་འགལ་འཛོལ་བྱེད་པར་བརྩི་རྒྱུའི་ཆ་རྐྱེན་སྐྲུན་ཡོད་ལ། ཁྲིམས་གཞི་འདི་འགལ་འཛོལ་བྱེད་མཁན་ཕྱི་རྒྱལ་དུ་ཡོད་པའི་གཉེན་ཉེ་དེ་དག་བོད་དང་རྒྱ་ནག་ཏུ་བསྐྱོད་པ་ཡིན་ཚེ་ཁྲིམས་གཞི་འདི་འགལ་འཛོལ་བྱེད་པའི་ཉེས་མིང་འོག་ཉེས་ཆད་གཏོང་སྲིད་པའི་ཉེན་ཁ་ཡོད་རེད་ཅེས་གསུངས་བྱུང་།
ཁྲིམས་ཡིག་ཟིན་བྲིས་དེའི་ནང་དོན་ལྟར་ན། བོད་དང་རྒྱ་ནག་ནང་དུ་ཁ་པར་དང་དྲ་རྒྱ་བཀོལ་སྤྱོད་བྱེད་པར་ངོ་སྤྲོད་སྤང་ཡིག་དེབ་འགོད་བྱེད་དགོས་ཀྱི་ཡོད་པས། ཁག་ཅིག་གིས་དྲ་ཐོག་ཏུ་སྨྱུག་མིང་སོགས་བེད་སྤྱོད་བྱེད་མཁན་ཡོད་ཀྱང་། དེ་འདྲའི་བཀོལ་སྤྱོད་བྱེད་མཁན་སུ་ཡིན་གཞུང་གིས་ལམ་སེང་ཤེས་རྟོགས་ཐུབ་སྟེ། འགྲོ་འདུག་སྤྱོད་གསུམ་ལ་འཕྲལ་དུ་དོ་དམ་བྱེད་སླ་བར་འགྱུར་གྱི་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཁྲིམས་ཡིག་ཟིན་བྲིས་བཏོན་པ་དེའི་ནང་། དྲ་ཐོག་ནག་ཉེས་དང་། མགོ་སྐོར་གཏོང་བའི་བྱ་སྤྱོད། བྱིས་པའི་ཁྲིག་སྤྱོད་ཀྱི་བརྙན། ཁྲིམས་འགལ་གྱི་དངུལ་གཏོང་ལེན་བྱེད་པ་སོགས་ལ་རྡུང་རྡེག་གཏོང་རྒྱུ་ཡིན་ཟེར་རྒྱ་གཞུང་གིས་བརྗོད་ཀྱི་ཡོད་པ་རེད།།
བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།
