བོད་ཀྱི་རྒྱལ་དར་དང་རྒྱལ་རྟཊ། རྒྱལ་གླུ་བེད་སྤྱོད་བྱེད་ཕྱོཊ་ཀྱི་སྒྲིག་གཞི་གཏན་འབེབས།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས། རྒྱལ་གླུ་བེད་སྤྱོད་བྱེད་ཕྱོགས་དང་འབྲེལ་བའི་སྒྲིག་གཞི་གཏན་འབེབས་གནང་པ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས། རྒྱལ་གླུ་བེད་སྤྱོད་བྱེད་ཕྱོགས་དང་འབྲེལ་བའི་སྒྲིག་གཞི་གཏན་འབེབས་གནང་པ།

ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༢༦ ཉིན་ཏེ། སྐབས་ ༡༧ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ཉིན་གྲངས་བཅུ་པའི་ཐོག བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས། རྒྱལ་གླུ་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་ལེའུ་དྲུག་དང་། ནང་གསེས་དོན་ཚན་ ༢༣ ཡོད་པ་ཞིག་གྲོས་ཚོགས་ཀྱིས་མང་མོས་ཐོག་གཏན་འབེབས་གནང་ཡོད་ཅིང་། སྒྲིག་གཞི་དེར་སྲིད་སྐྱོང་གིས་ཆོག་མཆན་མཚན་རྟགས་བཀོད་རྗེས། ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༢༥ ཉིན་ནས་དངོས་སུ་ལག་བསྟར་འགོ་འཛུགས་གནང་རྒྱུ་ཡིན་འདུག

དེ་ཡང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཆེད་བཙུགས་གནང་པའི་བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས། རྒྱལ་གླུ་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས། རང་བཙན་ཡོད་པའི་རྒྱལ་ཁབ་སོ་སོར་རྒྱལ་དར་དང་རྒྱལ་རྟགས། རྒྱལ་གླུ་ཡོད་པར་སོང་། བོད་ལ་ཡང་དེ་དག་ཆ་ཚང་ཡོད་ཅིང་། དེ་སྔ་ནས་བེད་སྤྱོད་གཏོང་བཞིན་ཡོད་ཀྱང་། ཁྲིམས་ཐོག་ནས་གཏན་འབེབས་ད་བར་བྱུང་མེད་པར་བརྟེན། རྒྱལ་དར་ཡིན་ན་ཚོན་མདོག་གཅིག་གྱུར་མེད་པ་དང་། རྒྱལ་གླུ་ཡིན་ན་རིང་ཐུང་སྣ་ཚོགས། རྒྱལ་རྟགས་ཡིན་ན་རི་མོ་འདྲ་མིན་སྣ་ཚོགས་ཐོན་བསྡད་ཀྱི་ཡོད་ཙང་། ད་རེས་ཁྲིམས་ཐོག་ནས་གཏན་འབེབས་ཐུབ་པ་དེ་ལོ་རྒྱུས་རང་བཞིན་ཞིག་ཆགས་ཀྱི་ཡོད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གནད་དོན་དེ་དང་འབྲེལ་བའི་ཐོག་བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས། རྒྱལ་དར་དང་རྒྱལ་རྟགས་ལ་མཐོང་ཆུང་མ་ཡིན་པར་གུས་ཞབས་དགོས་ཤིང་། སྒྲིག་གཞི་གཏན་འབེབས་ལྟར་བེད་སྤྱོད་ཚད་ལྡན་གཏོང་དགོས་པ་གལ་ཆེན་པོ་རེད་ཅེས་གསུངས་བྱུང་ལ། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་ཀྱིས། ཐེངས་འདིའི་རྒྱལ་དར་དང་རྒྱལ་རྟགས། རྒྱལ་གླུའི་བེད་སྤྱོད་བྱེད་ཕྱོགས་གི་སྒྲིག་གཞི་གཏན་འབེབས་ཐུབ་པ་དེས། མི་ཞིག་གིས་བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས། རྒྱལ་གླུ་བཅས་ལ་གུས་བརྩི་གནང་སྟངས་དང་། གལ་ཏེ་གུས་བརྩི་མ་གནང་ཚེ་ལམ་སྟོན་དང་སྒྲིག་གཞིའི་ཐོག་ནས་བྱེད་ཕྱོགས་ཆ་ཚང་གསལ་བའི་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་འགྲེལ་བརྗོད་གནང་གི་འདུག

ཡང་སྤྱི་འཐུས་སྲི་ཐར་བློ་བཟང་རྒྱ་མཚོ་ལགས་ཀྱིས། རྒྱལ་དར་དང་རྒྱལ་རྟགས། རྒྱལ་གླུ་བཅས་པ་སྤྱི་ཡོངས་ཀྱི་སྒྲིག་གཞིའི་ལམ་ནས་གཏན་འབེབས་ཐུབ་པ་དེ་གནད་འགག་ཅན་ཞིག་ཆགས་ཀྱི་ཡོད་པ་དང་། གྲོས་ཚོགས་ཀྱིས་གཏན་འབེབས་གནང་པ་ཙམ་མ་ཡིན་པར། མང་ཚོགས་གིས་སྒྲིག་གཞི་དེ་དག་ལ་གཟིགས་དགོས་གལ་ཆེ་ལ། ད་རེས་སྒྲིག་གཞི་འདི་ནི་མང་ཚོགས་གིས་ལག་བསྟར་ཐུབ་ངེས་ཡིན་པར་ངོས་འཛིན་གནང་གི་ཡོད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

སྤྱི་འཐུས་ལྷན་ཚོགས་ཀྱིས་གསར་འཛུགས་གནང་པའི་བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས། རྒྱལ་གླུ་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་གསུངས་པ་ལྟར་ན། རྒྱལ་དར་གྱི་ཚོན་དང་བཟོ་དབྱིབས་སོགས་དང་རྒྱལ་གླུའི་རིང་ཐུང་གི་ཚད་གཞི་སོགས་ནི། ཚོགས་ཆུང་གིས་བསྣམས་ཕེབས་པ་ལྟར་གཏན་འབེབས་གནང་ཡོད་ཀྱང་། རྒྱལ་རྟགས་ལ་མཚོན་ན། བཀའ་ཤག་གིས་བསྣམས་ཕེབས་པའི་སེང་གེའི་ཁ་ལ་མཆེ་བ་ཞིག་ཁ་སྣོན་བྱས་ཏེ་གཏན་འབེབས་གནང་ཡོད་སྐོར་གསུངས་བྱུང་།

བོད་མི་ཚོས་གསུམ་བཅུའི་དུས་དྲན་སྐབས་སུ་བོད་ཀྱི་རྒྱལ་དར་བསྣམས་པའི་རྣམ་པ། ༢༠༢༦།༣།༡༠
༢༠༢༦ ཟླ་ ༣ ཚེས་ ༡༠ ཉིན་བོད་མིའི་རང་དབང་སྒེར་ལངས་སྲུང་བརྩིའི་སྐབས། བོད་མི་ཚོས་གསུམ་བཅུའི་དུས་དྲན་སྐབས་སུ་བོད་ཀྱི་རྒྱལ་དར་བསྣམས་པའི་རྣམ་པ། ༢༠༢༦།༣།༡༠ (RFA Tibetan)

གཏན་འབེབས་ཟིན་པའི་བོད་ཀྱི་རྒྱལ་དར་དང་། རྒྱལ་རྟགས། རྒྱལ་གླུ་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་གསར་པ་དེའི་ནང་། བོད་མིའི་སྒྲིག་འཛུགས་མ་ལག་དང་གཞུང་ཁོངས་མིན་པའི་ཚོགས་སྡེ། སློབ་གྲྭ ཚོགས་སྒེར་སུ་རུང་ནས་སྒྲིག་གཞི་འདི་གཞིར་བཟུང་བོད་ཀྱི་རྒྱལ་དར་ལ་གུས་བརྩི་ཆེ་མཐོང་ལྡན་པའི་སྒོ་ནས་བཟོ་སྐྲུན་དང་བཀོལ་སྤྱོད་བྱེད་ཆོག་པ། བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱེད་སྐབས་ཆེ་མཐོང་དང་མངོན་གསལ་ཆེ་བའི་ས་ཆར་སྒྲེང་འཛུགས་བྱེད་དགོས་པ། སྐྱེ་བུ་སུ་ཞིག་བོད་ཀྱི་རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་པའམ་རྒྱལ་དར་སྒྲེང་བའི་སྐབས་དང་འཕྲད་ཚེ། ཁ་རྒྱལ་དར་གྱི་ཕྱོགས་སུ་འཁོར་ནས་ལུས་དྲོང་པོར་འགྲེང་མིག་ཕུར་ཚུགས་སུ་རྒྱལ་དར་ལ་གཏད་པའི་གུས་ལུགས་ཞུ་དགོས་པ། བོད་ཀྱི་རྒྱལ་དར་སྐུ་བརྙན་ནམ་ཅ་དངོས་ཅི་རིགས་ཀྱི་ཁེབས་གཡོག་དང་ཕྱི་ཐུམ་ལྟ་བུར་བཀོལ་སྤྱོད་མི་ཆོག་པ་སོགས་དང་། དེ་བཞིན་རྒྱལ་དར་ཕྱེད་ཕབ་བྱེད་ཕྱོགས་དང་འབྲེལ་ནས། ཁྲིམས་ཞིབ་པ་ཆེ་བ་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ། སྲིད་སྐྱོང་སྐུ་གྲོངས་ཚེ་རྒྱལ་དར་ཕྱེད་ཕབ་ཀྱི་མྱ་ངན་གུས་འདུད་ཞུ་དགོས་པ། བོད་རྒྱལ་ཁབ་ཆེན་པོར་མཛད་རྗེས་བླ་མེད་བཞག་པའི་མི་སྣ་དང་། འཛམ་གླིང་ཞི་བདེའམ་མི་རིགས་ཀྱི་སྤྱི་ཚོགས་ཡར་རྒྱས་ལས་དོན་བླ་མེད་བཞག་པའི་མི་སྣ་སྐུ་གྲོངས་པ། ད་དུང་རང་བྱུང་གནོད་འཚེ་སོགས་ཀྱིས་རྐྱེན་པས་མཐུན་ཕྱོགས་རྒྱལ་ཁབ་གང་ཞིག་ལ་ཆགས་འཇིག་གིས་མཚོན་གོད་ཆགས་རིགས་བྱུང་ཚེ་བཀའ་ཤག་གིས་བཀོད་ཁྱབ་ནམ་བྱུང་ལ་དབུས་དང་ས་གནས་ཁག་གིས་རྒྱལ་དར་ཕྱེད་ཕབ་ཀྱིས་མྱ་ངན་གུས་འདུད་ཞུ་དགོས་པ་སོགས་འཁོད་འདུག

རྒྱལ་རྟགས་ཀྱི་བླངས་དོར་ལམ་སྟོན་དང་འབྲེལ་ནས་མི་སུ་རུང་ནས་བཀའ་ཤག་གི་བཀའ་འཁྲོལ་མེད་པར། རྒྱལ་རྟགས་དང་རྒྱལ་རྟགས་ཀྱི་བཀོད་དབྱིབས་ཉེ་བའི་རྟགས་རིས་བཀོལ་སྤྱོད་ཀྱིས། བོད་མིའི་སྒྲིག་འཛུགས་དང་འབྲེལ་བ་ཡོད་མདོག་སྟོན་ཐབས་བྱེད་མི་ཆོག་ཅིང་། བཀའ་ཤག་གི་བཀའ་འཁྲོལ་མེད་པར་རྒྱལ་རྟགས་བཀོལ་སྤྱོད་ཀྱིས། ཚོང་ལས་སོགས་གཉེར་མི་ཆོག་ཅེས་དང་། རྒྱལ་གླུ་བེད་སྤྱོད་བྱེད་ཚུལ་དང་འབྲེལ་སྐྱེ་བོ་སུ་ཞིག་གིས་རྒྱལ་གླུ་ལེན་པ་དང་རྒྱལ་གླུ་ལེན་པའི་སྐབས་དང་འཕྲད་ཚེ། འགྲོ་སྡོད་མི་བྱེད་པར་ལུས་དྲོང་པོར་འགྲེང་ཞིང་། བློ་སྒྲིམ་སྟེ་རྒྱལ་གླུ་ལེན་དགོས་པ་སོགས་འཁོད་ཡོད་པ་རེད།

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས། རྒྱལ་གླུ་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་དེའི་ནང་སྔོན་འགྲོ་དང་། རྒྱལ་རྟགས། རྒྱལ་གླུ་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་དེའི་ནང་སྔོན་འགྲོ་དང་། བོད་ཀྱི་རྒྱལ་དར་གྱི་སྤྱི་བཤད། བོད་ཀྱི་རྒྱལ་དར་བེད་སྤྱོད་བྱེད་ཕྱོགས། བོད་ཀྱི་རྒྱལ་གླུ་བཅས་ལེའུ་དྲུག་དང་། ནང་གསེས་དོན་ཚན་ ༢༣ ཡོད་ཅིང་། གལ་ཏེ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་དང་རྒྱལ་རྟགས། རྒྱལ་གླུ་བེད་སྤྱོད་ཚུལ་མཐུན་བྱེད་ཀྱི་མེད་པ་མཐོང་ཚེ། ནང་ཁུལ་ལར་ཞེན་གྱི་ཐོག་ནས་འབྲེལ་ཡོད་ལ་ནོར་འཁྲུལ་ཡོ་བསྲང་གི་གོ་བསྐོན་བྱ་རྒྱུ་དང་། རྐང་བཙུགས་ནས་རྩིས་མེད་དང་དམའ་འབེབས་དང་ཁྱད་གསོད་ཀྱི་བྱ་སྤྱོད་སྤེལ་ཚེ། སྐུ་ཚབ་དོན་གཅོད་དང་ས་གནས་འགོ་འཛིན་སོ་སོས་ཁྱབ་ཁོངས་ས་གནས་སུ་སྒྲིག་འདོམས་གོ་བསྐོན་དང་། ཕྱིས་འབྱུང་ནོར་འཁྲུལ་མི་འབྱུང་བའི་སྐྱོན་བསྲང་ཐུབ་པ་བྱེད་དགོས། ད་དུང་ཐག་གཅོད་དེར་བརྩི་བཀུར་མ་བྱས་ཚེ། བཀའ་ཤག་ལ་སྙན་སེང་ཞུས་ཏེ། ཞིབ་འཇུག་ཚོགས་ཆུང་ཆེད་བཙུགས་ཀྱིས་སྙན་ཐོར་བཀའ་ཤག་གི་དཔྱད་ཞིབ་དང་། བཙན་བྱོལ་བོད་མིའི་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་བཀག་བསྐྱིལ་ལམ། དངུལ་ཆད། ཆད་པ་གང་འོས་འགེལ་རྒྱུ་ཡིན་པ་གསལ་པོར་བཀོད་ཡོད་པ་རེད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་གནང་བའི་སྒྲིག་གཞིའི་ནང་བོད་ཀྱི་རྒྱལ་དར་གྱི་སྤྱི་བཤད་ལྟར་ན། བོད་ཀྱི་རྒྱལ་དར་ནི་དུས་རབས་བདུན་པའི་ནང་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་བྱུང་བའི་ལོ་ངོ་སྟོང་ཕྲག་བརྒལ་བའི་ལོ་རྒྱུས་ཡོད་པའི་འཛམ་གླིང་གི་རྒྱལ་དར་རྙིང་གྲས་ཤིག་ཡིན་ལ། འཛམ་གླིང་གི་རྒྱལ་དར་སོ་སོའི་བྱུང་རིམ་དང་ཕྱོགས་མཚུངས། དམག་དར་ནས་ཕྱིས་སུ་རྒྱལ་དར་དུ་བསྒྱུར་བ་ཞིག་ཡིན། དེ་ཡང་གངས་ལྗོངས་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་དམག་དར་གྱི་བཀོད་རིས་སྔར་ཡོད་ལ་གཞི་བཅོལ་ཏེ། དུས་བསྟུན་གཅིག་གྱུར་མཛད་དེ་ད་ཡོད་ཀྱི་རྒྱལ་དར་འདི་བྱུང་བ་ཡིན་ཞེས་བཀོད་འདུག

པར་ལེན་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།