བོད་དོན་གྲོས་འཆར་བཏོན་ཏེ་༧གོང་ས་མཆོག་གི་ཡང་སྲིད་ཐད་རྒྱ་ནག་ལ་བདག་དབང་མེད་སྐོར་གསུངས་པ།

ཅེག་གྲོས་ཚོཊ་གོང་མར་གྲོས་འཆར་བཏོན་ཏེ་༧གོང་ས་མཆོག་གི་ཡང་སྲིད་གནད་དོན་ཐད་རྒྱ་ནག་གི་ཐེ་བྱུས་དང་། མི་རིཊ་མཐུན་སྒྲིལ་སྐུལ་སྤེལ་གྱི་ཁྲིམས་ལ་སྐྱོན་བརྗོད་བྱས་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཕེབས་ཕྱོགས་ཐད་རང་དབང་གི་ཐོག་ནས་ངོས་འཛིན་ཞུ་རྒྱུའི་བདག་དབང་དེ་བོད་མི་ཚོར་ཡོད་པ་དང་། དེར་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་ལས་ཁུངས་ཚུད་པའི་རྒྱལ་ཁབ་ཀྱི་གཞུང་གིས་རྒྱབ་སྐྱོར་གནང་དགོས་པ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ནང་འཐུས་མི་ ༤༠ ཡིས་རྒྱབ་སྐྱོར་གནང་བ་ལས་དགག་པ་གནང་མཁན་གཅིག་ཀྱང་མེད་པར་ཕྱི་ཟླ་ ༣ ཚེས་ ༢༥ ཉིན་གྲོས་ཆོད་ཀྱི་གྲོས་འཆར་ཞིག་གཏན་འབེབས་གནང་ཡོད་པ་རེད།

གྲོས་འཆར་འདི་བཞིན་ཅེག་གྲོས་ཚོགས་གོང་མའི་ཚོགས་གཙོ་གཞོན་པས་བཏོན་པ་ཞིག་དང་། དེའི་ནང་ཅེག་གྲོས་ཚོགས་ཀྱི་ངོས་ནས་བོད་མིའི་ཆོས་ཕྱོགས་ཀྱི་རང་དབང་དང་། མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་ཕྱོགས་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་གསལ་སྟོན་བྱས་པ་ཞིག་ཆགས་ཡོད།

ཅེག་རྒྱལ་སར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་བོད་དོན་གྲོས་ཆོད་ཀྱི་གྲོས་འཆར་ལ་སྐྱོན་བརྗོད་བྱས་པ། ༢༠༢༦།༣།༢༦
རྒྱ་ནག་གཞུང་གིས་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་སྤེལ་བ། ཅེག་རྒྱལ་སར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་བོད་དོན་གྲོས་ཆོད་ཀྱི་གྲོས་འཆར་ལ་སྐྱོན་བརྗོད་བྱས་པ། ༢༠༢༦།༣།༢༦ (་)

རྒྱ་ནག་གཞུང་གིས་སྐྱོན་བརྗོད།

ཕྱི་ཟླ་ ༣ ཚེས་ ༢༦ ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་ལ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་ལས་ཁུངས་ཀྱིས་གསལ་གསལ་བསྒྲགས་ཤིག་སྤེལ་ཏེ། ཅེག་གྲོས་ཚོགས་ནས་རྒྱ་ནག་གིས་བོད་ཐོག་འཛིན་པའི་ལངས་ཕྱོགས་ལ་རྩིས་མེད་བྱས་པ་དང་རྒྱ་ནག་ནང་ཁུལ་གྱི་གནད་དོན་ལ་ཚབས་ཆེའི་ཐེ་བྱུས་བྱས་པ་དེར་འདོད་བློ་མ་ཁེངས་པ་དང་། ངོ་རྒོལ་ཡོད་ཅེས་བརྗོད་ཡོད་པ་རེད།

ཕྱི་ཟླ་ ༣ ཚེས་ ༢༥ ཉིན་བོད་དོན་གྲོས་ཆོད་ཀྱི་གྲོས་འཆར་འདོན་མཁན་ཅེག་གྲོས་ཚོགས་གོང་མའི་ཚོགས་གཞོན་ (Jitka Seitlova) ལགས།
ཅེག་གྲོས་ཚོགས་གོང་མའི་ཚོགས་གཞོན་ (Jitka Seitlova) ཕྱི་ཟླ་ ༣ ཚེས་ ༢༥ ཉིན་བོད་དོན་གྲོས་ཆོད་ཀྱི་གྲོས་འཆར་འདོན་མཁན་ཅེག་གྲོས་ཚོགས་གོང་མའི་ཚོགས་གཞོན་ (Jitka Seitlova) ལགས། (Czech Senate)

༧སྐུའི་ཡང་སྲིད་འདེམས་བསྐོའི་དབང་ཆ་རྒྱ་ནག་ལ་མེད་ཟེར་བརྗོད་པ།

ཅེག་གྲོས་ཚོགས་གོང་མའི་ནང་གྲོས་འཆར་འདི་གྲོས་ཚོགས་ཀྱི་ཚོགས་གཞོན་ (Jitka Seitlova) ལགས་ཀྱིས་བཏོན་གནང་པ་ཞིག་ཡིན་པ་དང་། འཐུས་མི་ཁག་ཅིག་གིས་མངོན་ཐོན་གྱི་རྒྱབ་སྐྱོར་གནང་ཡོད་པ་རེད། དེའི་ཁོངས་ནས་གྲོས་ཚོགས་འཐུས་མི་སྦརེ་ཏི་སིལཝ་ རིཆ་ལིག་ (Břetislav Rychlík) ལགས་ཀྱིས་གྲོས་ཚོགས་གོང་མའི་ཚོགས་གཙོ་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་བཀུར་བའི་འགོ་ཁྲིད་མཐོ་ཤོས་གཉིས་པ་དེ་ཡིན་པས། གྲོས་འཆར་འདི་ལ་གཞུང་ཚབ་བརྒྱུད་རྒྱ་ནག་གཞུང་གིས་གྲོས་ཆོད་ཀྱི་གྲོས་འཆར་ཟེར་བ་ཞེས་མི་འདོད་པའི་འབོད་ཚུལ་སྤྱོད་པ་འདི་ནི་ཧ་ལས་པ་ཞིག་རེདཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་ནས་ལན་འདེབས་གསལ་བཤད་གནང་པའི་ནང་གསུངས་འདུག

ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་འཐུས་མི་ (Břetislav Rychlík) ལགས་ཀྱིས་གྲོས་ཚོཊ་སུ་གསུང་བཤད་གནང་བཞིན་པ། ༢༠༢༦།༣།༢༥
གྲོས་ཚོགས་གོང་མའི་འཐུས་མི་ (Břetislav Rychlík) ལགས་ཀྱིས་གྲོས་ཚོཊ་སུ་གསུང་བཤད་གནང་བཞིན་པ། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་འཐུས་མི་ (Břetislav Rychlík) ལགས་ཀྱིས་གྲོས་ཚོཊ་སུ་གསུང་བཤད་གནང་བཞིན་པ། ༢༠༢༦།༣།༢༥ (Czech Senate)

ཅེག་གྲོས་ཚོགས་གོང་མའི་ནང་བོད་དོན་གྲོས་འཆར་ལ་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་གོང་མའི་འཐུས་མི་སྦརེ་ཏི་སིལཝ་ རིཆ་ལིག་ (Břetislav Rychlík) ལགས་ཀྱིས། ཅེག་རྒྱལ་ཁབ་ཀྱི་སྲིད་འཛིན་ Vaclav Havel མཆོག་ནི་༧གོང་ས་ཏཱ་ལའི་བླ་མ་༧སྐུ་ཕྲེང་བཅུ་བཞི་པར་སྣེ་ལེན་ཞུ་མཁན་གྱི་རྒྱལ་ཁབ་འདིའི་འགོ་ཁྲིད་ཐོག་མ་དེ་ཡིན་པ་དང་། རྒྱལ་ཁབ་འདི་གཉིས་ལ་དམར་པོའི་རིང་ལུགས་འོག་གི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་འགོག་གནོན། བཙན་བཟུང་བྱེད་པའི་ཉམས་མྱོང་སྡུག་པོ་མྱངས་མྱོང་མཁན་གཅིག་མཚུངས་ཤིག་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཁོང་གིས་ཡིག་ཐོག་ལན་འདེབས་གནང་པའི་ནང་ད་དུང་གསུངས་པར། གྲོས་ཆོད་ཀྱི་གྲོས་འཆར་འདི་འདོན་དགོས་པའི་རྒྱུ་མཚན་ནི། གྲོས་འཆར་འདིར་གྲོས་ཚོགས་གོང་མའི་འཐུས་མི་སུ་གཅིག་གིས་དགག་པ་མེད་པར་སྤྱི་མོས་ཀྱིས་གཏན་འབེབས་གནང་སྟེ། ཐུན་མོང་མིན་པའི་ནང་པའི་སྲོལ་རྒྱུན་འོག་བོད་མི་ཚོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐེ་བྱུས་མེད་པར་ཆོས་ཕྱོགས་ཀྱི་དབུ་ཁྲིད་འདེམས་བསྐོ་ཞུ་རྒྱུའི་ཆོས་ལུགས་ཀྱི་རང་དབང་ལ་གུས་བརྩི་ཞུ་བཞིན་ཡོད་ཅེས་མུ་མཐུད་གསུངས་འདུག།

ཅེག་གྲོས་ཚོགས་གོང་མའི་ནང་གཏན་འབེབས་གནང་པའི་གྲོས་ཆོད་ཀྱི་གྲོས་འཆར་འདིའི་ནང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུའི་དབང་ཆ་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་མེད་པ་དང་། རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་སྐུལ་སྤེལ་གྱི་ཁྲིམས་ཡིག་གཏན་འབེབས་བྱས་པ་དེས་བཙན་ཤེད་ཀྱི་ཐོག་ནས་མི་རིགས་བསྲེས་ལྷད་གཏོང་གི་ཡོད་པ་མ་ཟད། རྒྱལ་མཚམས་བརྒལ་ནས་དྲག་གནོན་བྱེད་པའི་བྱ་ཐབས་ཁོངས་སུ་ཕྱི་རྒྱལ་ཁག་ཏུ་བོད་མིར་བསུན་གཙེར་དང་ལྟ་ཞིབ་ཆེད་ཁྲིམས་འགལ་ངང་རྒྱ་ནག་གི་ཉེན་རྟོག་ལས་ཁུངས་བཙུགས་པའི་ཁོངས་སུ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ Prague ནང་དུ་ཡང་རྒྱ་ནག་གི་ཉེན་རྟོག་ཁང་བཙུགས་ཡོད་པར་སྐྱོན་བརྗོད་གནང་འདུག

བཙན་དབང་གིས་མི་རིཊ་བསྲེས་ལྷད་བྱེད་པའི་རྒྱ་ནག་གི་ཁྲིམས་ལ་སྐྱོན་བརྗོད་དང་ངོ་རྒོལ།

ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་གྲོས་ཆོད་ཀྱི་གྲོས་འཆར་དེའི་ནང་ད་དུང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༡༢ ཉིན་གཏན་འབེབས་བྱས་པའིམི་རིགས་མཐུན་སྒྲིལ་སྐུལ་སྤེལ་གྱི་བཅའ་ཁྲིམས་ཟེར་བར་སེམས་འཚབ་ཆེན་པོ་བྱུང་བའི་སྐོར་བཀོད་ཡོད་ཅིང་། དེའི་ནང་ཁྲིམས་འདི་ནི་མངོན་གསལ་དོད་པོས་མི་རིཊ་བསྲེས་ལྷད་ལ་སྐུལ་མ་བྱས་པ་ཞེས་དང་། གྲངས་ཉུང་མི་རིགས་ཀྱི་རིག་གཞུང་། ཆོས་ལུགས། སྐད་ཡིག་བཅས་ཀྱི་རང་དབང་ལ་ཚོད་འཛིན་བྱེད་པའི་ལག་ཆ་ཞིག་ཡིན་པར་ངོས་འཛིན་བྱས་ཡོད་ལ། རྒྱ་ནག་གི་ཁྲིམས་གསར་འདིས་མཐུན་སྒྲིལ་སྲ་བརྟན་གཏོང་རྒྱུ་ཡིན་ཚུལ་བརྗོད་ཡོད་ཀྱང་། དོན་དངོས་སུ་བོད་ཀྱི་ངོ་བོར་དྲག་གནོན་དང་། ལམ་ལུགས་ཅན་གྱི་དྲག་གནོན་ཤུགས་ཆེ་རུ་གཏོང་བའི་ཁྲིམས་མཐུན་གྱི་ཁག་འདོགས་ས་ཞིག་མཁོ་སྤྲོད་བྱེད་ཀྱི་ཡོད་པར་ཅེག་གྲོས་ཚོགས་ཀྱིས་སྐྱོན་བརྗོད་བྱས་ཡོད།

གྲོས་འཆར་འདོན་མཁན་ཅེག་གྲོས་ཚོགས་གོང་མའི་ཚོགས་གཞོན་ Jitka Seitlova ལགས་ཀྱིས་ས་གནས་གང་ཞིག་གི་གནད་དོན་གཅིག་པུ་མིན་པར། རང་དབང་ལ་ཚད་བཀག་བཟོ་བ་དང་། བོད་མིའི་ངོ་བོ་ཉམས་དམས་སུ་གཏོང་བ། འགྲོ་བ་མིའི་ཐོབ་ཐང་ལ་དོ་ཕོག་གཏོང་བ་བཅས་ནི་འཛམ་གླིང་ཡོངས་ཀྱི་བདེ་འཇགས་དང་ང་ཚོས་བརྩི་འཇོག་བྱེད་པའི་མིའི་བཟང་སྤྱོད་ཀྱི་རིན་ཐང་ལ་གནོད་སྐྱོན་བཏང་པ་ཞིག་ཡིན་པ་གསུངས་ཤིང་། བོད་མི་རྣམས་རྒྱའི་བཙན་འོག་ཏུ་སྡུག་སྦྱོང་མྱོང་བཞིན་པ་དང་། ཆོས་དད་རང་དབང་དང་རིག་གཞུང་གི་འཚོ་གནས་ཆེད་དུ་རྒྱབ་སྐྱོར་བྱེད་རྒྱུ་ནི་ང་ཚོའི་ལས་འགན་ཡིན་ཞེས་གྲོས་ཆོད་ཀྱི་གྲོས་འཆར་བཏོན་དགོས་པའི་རྒྱུ་མཚན་དུ་གསུངས་ཡོད་པ་རེད།

ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་པི་ཊར་པ་ཝལ་ཕྱི་ལོ་ ༢༠༢༥ ཕྱི་ཟླ་ ༧ ནང་བཞུགས་སྒར་རྡ་རམ་ས་ལར་ཕེབས་ཏེ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་པར་རྒྱ་ནག་གཞུང་ཁོང་ཁྲོ་ལངས་ཏེ་སྐྱོན་བརྗོད་ཞུས་ཡོད་པ་དང་། ཕྱི་ཟླ་ ༡༢ ནང་ཅེག་གྲོས་ཚོགས་ཀྱི་འཐུས་མིའི་ཚོགས་པ་ཞིག་བཞུགས་སྒར་རྡ་རམ་ས་ལར་བསྐྱོད་དེ་༧གོང་ས་མཆོག་མཇལ་བཅར་ཞུས་པ་ཡང་བྱུང་ཡོད།།

བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།