བོད་རང་བཙན་གྱི་རྒྱལ་ཁབ་མཚོན་པའི་དབྱིན་ཇིའི་གཞུང་གི་ཡིག་ཆ།

འབྲས་སྤྱི་སྦེ་སིལ་སྒུལཌ་ལགས་ཀྱིས་ཉར་ཚགས་གནང་པའི་བོད་དེ་ལོ་རྒྱུས་ཐོག་ནས་རང་བཙན་གྱི་རྒྱལ་ཁབ་ཡིན་པ་མཚོན་པའི་ཡིག་ཆ་འགྲེམས་སྟོན་གནང་པ།

འབྲས་ལྗོངས་སྤྱི་ཁྱབ་པ་སྦེ་སིལ་སྒུལཌ་ (Basil Gould) ལགས་ཀྱིས་ཉར་ཚགས་གནང་པའི་བོད་ཀྱི་ཚོང་དོན་འབྲེལ་ལམ་གྱི་ཡིག་ཆ་དེ་དག་གིས་བོད་དེ་ལོ་རྒྱུས་ཐོག་ནས་རྒྱ་ནག་གི་མངའ་འོག་མིན་པར་རང་བཙན་གྱི་མངའ་དབང་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པ་མཚོན་ཐུབ་ཅེས། འབྲས་སྤྱི་སྦེ་སིལ་སྒུལཌ་ལགས་ཀྱི་ཚ་མོ་ཧྥ་རན་སིས་ཀཊ་ལར་ (Frances Cutler) ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

བོད་དེ་ལོ་རྒྱུས་ཐོག་ནས་རང་བཙན་གྱི་རྒྱལ་ཁབ་ཡིན་པ་མཚོན་ཐུབ་པའི་ཡིག་ཆ་འགྲེམས་སྟོན། འབྲས་སྤྱི་སྦེ་སིལ་སྒུལཌ་ལགས་ཀྱིས་ཉར་ཚཊ་གནང་པའི་བོད་དེ་ལོ་རྒྱུས་ཐོག་ནས་རང་བཙན་གྱི་རྒྱལ་ཁབ་ཡིན་པ་མཚོན་ཐུབ་པའི་ཡིག་ཆ་འགྲེམས་སྟོན་གནང་པ།

ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༣ ཉིན་རྡ་རམ་ས་ལའི་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དུ་ (Frontier Diplomacy: Britain, Tibet and Sir Basil Gould) ཞེས་དབྱིན་བོད་འབྲེལ་ལམ་དང་འབྲས་སྤྱི་སྦེ་སིལ་སྒུལཌ་ཞེས་པའི་འགྲེམས་སྟོན་གྱི་ལས་རིམ་ཐོག་སྦེ་སིལ་སྒུལཌ་ལགས་ཀྱི་ཚ་མོ་ཧྥ་རན་སིས་ཀཊ་ལར། (Frances Cutler) ལགས་ཆེད་ཕེབས་ཀྱིས། ཁོང་གི་སྤོ་ལགས་ཀྱིས་ཉར་ཚགས་གནང་པའི་བོད་དང་འབྲེལ་བའི་ཡིག་ཆ་དེ་བཞིན་བོད་མིའི་སྒྲིག་འཛུགས་ལ་ཕུལ་བའི་བརྒྱུད་རིམ་ངོ་སྤྲོད་གནང་པ་དང་འབྲེལ། ཁོང་གིས། ང་ཚོར་དབྱིན་ཡུལ་སྐུ་ཚབ་དོན་གཅོད་དང་བོད་དོན་ལས་འགུལ་བ་ཁག་ཅིག་གིས་ཡིག་ཆ་དེ་དག་བོད་ཀྱི་ལོ་རྒྱུས་ཐོག་ནས་གནད་འགག་ཆགས་ཀྱི་ཡོད་སྐོར་གསུངས་མཁན་དང་འབྲེལ་བ་གནང་ཐོག ངས་སོ་སོའི་ནང་མི་དང་ལྷན་ངའི་སྤོ་ལགས་ཀྱིས་ཉར་ཚགས་གནང་པའི་བོད་དོན་དང་འབྲེལ་བའི་ཡིག་ཆ་དེ་དག་གལ་ཆེན་ཡིན་པ་དང་། ཡིག་ཆ་དེ་དག་ནང་གསལ་སྟོན་བྱས་པའི་དུས་ཚིགས་དེའི་སྐབས་འཛམ་གླིང་རྒྱལ་ཁབ་ཚང་མས་བོད་དེ་རྒྱ་ནག་གི་ཆ་ཤས་མིན་པར་རང་བཙན་གྱི་མངའ་དབང་ལྡན་པའི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་གནང་གི་ཡོད་པ་སོགས་གོ་བསྡུར་བྱས་རྗེས། ཐེངས་འདིར་ང་ཚོས་བོད་མི་རྣམས་ལ་ཡིག་ཆ་དེ་དག་མཁོ་སྤྲོད་བྱས་ཐུབ་པར་དགའ་སྤྲོ་ཆེན་པོ་བྱུང་ཞེས་གསུངས་བྱུང་།

ཧྥ་རན་སིས་ཀཊ་ལར་ལགས་ཀྱིས་གསར་འགོད་པར་བཀའ་ལན་གནང་བཞིན་པ། ༢༠༢༦།༤།༣
དབྱིན་ཇིའི་འབྲས་སྤྱི་སྦེ་སིལ་སྒུལཌ་ཀྱི་ཚ་མོ་ཧྥ་རན་སིས་ཀཊ་ལར། ཧྥ་རན་སིས་ཀཊ་ལར་ལགས་ཀྱིས་གསར་འགོད་པར་བཀའ་ལན་གནང་བཞིན་པ། ༢༠༢༦།༤།༣ (RFA Tibetan)

འགྲེམས་སྟོན་དེའི་ནང་འགྲེམས་སྤེལ་ཞུས་པའི་འབྲས་སྤྱི་སྦེ་སིལ་སྒུལཌ་ལགས་ཀྱིས་ཉར་ཚགས་གནང་པའི་ཡིག་ཆ་དེ་ནི། ཕྱི་ལོ་ ༡༩༤༧ ཟླ་ ༡༠ ཚེས་ ༡༠ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་རྒྱལ་ཚབ་སྟག་བྲག་རིན་པོ་ཆེ་མཆོག་གིས། བོད་དེ་རང་བཙན་གྱི་མངའ་དབང་ལྡན་པའི་རྒྱལ་ཁབ་ཅིག་གི་གནས་བབ་འོག་རྩིས་དཔོན་ཞྭ་སྒབ་པས་སྣེ་ཁྲིད་པའི་ཨ་རི་དང་ཨིང་ལེནཌ། རྒྱ་ནག་སོགས་སུ་བསྐྱོད་པའི་བོད་པའི་ཚོང་དོན་སྐུ་ཚབ་ཀྱི་ལག་ཏུ། འབྲས་སྤྱི་སྦེ་སིལ་སྒུལཌ་ལགས་སུ། བོད་པའི་ཚོང་དོན་སྐུ་ཚབ་ལ་རོགས་རམ་མཐུན་འགྱུར་དགོས་ཞེས་ཞུ་ཆེད་དུ་སྤྲིངས་པའི་ཕྱག་བྲིས་ཤིག་རེད་འདུག

འགྲེམས་སྟོན་ཐོག་ཕེབས་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། འབྲས་སྤྱི་སྦེ་སིལ་སྒུལཌ་ (Basil Gould) ལགས་ཀྱིས་ཉར་ཚགས་གནང་པའི་ཡིག་ཆ་དང་ཁོང་གིས་བྲིས་པའི་ཕྱག་དེབ་དེ་དག་ནི་བོད་ཀྱི་ལོ་རྒྱུས་ཀྱི་དཔང་པོ་དང་། བོད་ཀྱི་གནད་དོན་དེ་བཞིན་ལོ་རྒྱུས་ཀྱི་ཐོག་ནས་རྩོད་པ་རྒྱག་སའི་གཞི་རྩ་ལྡན་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་གོ་རྟོགས་སྤེལ་རྒྱུར་གལ་གནད་ཅན་ཞིག་རེད་ཅེས་གསུང་གི་འདུག

འགྲེམས་སྟོན་སྐབས་སྲིད་སྐྱོང་མཆོག་གིས་གསར་འགོད་པར་བཀའ་ལན་གནང་བཞིན་པ།  ༢༠༢༦།༤།༣
སྲིད་སྐྱོང་སྤེན་པ་ཚེ་རིང་ལཊ། འགྲེམས་སྟོན་སྐབས་སྲིད་སྐྱོང་མཆོག་གིས་གསར་འགོད་པར་བཀའ་ལན་གནང་བཞིན་པ། ༢༠༢༦།༤།༣ (RFA Tibetan)

ཟླ་ ༤ ཚེས་ ༢ ཉིན་འབྲས་སྤྱི་སྦེ་སིལ་སྒུལཌ་ལགས་ཀྱི་ཚ་མོ་ཧྥ་རན་སིས་ཀཊ་ལར་ལགས་དང་ཁོང་གི་བཟའ་ཟླ་གཉིས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཡོད་པ་དང་། སྐབས་དེར་ཁོང་གཉིས་ཀྱིས་སྦེ་སིལ་སྒུལཌ་ལགས་ཀྱིས་ཉར་ཚགས་གནང་པའི་བོད་དོན་དང་འབྲེལ་བའི་ཡིག་ཆ་གལ་ཆེན་ཁག་ཅིག་བོད་མིའི་སྒྲིག་འཛུགས་ལ་ཕུལ་ཡོད་སྐོར་སྙན་སེང་ཞུས་འདུག

དབྱིན་ཇི་དང་བོད་བར་གྱི་འབྲེལ་ལམ་དང་འབྲས་སྤྱི་སྦེ་སིལ་སྒུལཌ་ཞེས་པའི་འགྲེམས་སྟོན་དེའི་ནང་འབྲས་སྤྱི་སྦེ་སིལ་སྒུལཌ་ (Basil Gould) ལགས་ཀྱི་ཉིན་ཐོ་ (The Jewels in the Lotus) ལས་དེ་སྔ་ཁོང་ཕྱི་ལོ་ ༡༩༤༠ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གསེར་ཁྲིར་མངའ་གསོལ་ཞུས་པའི་མཛད་སྒོར་ཞུགས་པ་སོགས་ཀྱི་ལོ་ཚིགས་གལ་ཆེན་ཁག་ལ་གཞིགས་པའི་སྡེ་ཚན་ཁག་ཅིག་ཏུ་དབྱེས་ནས་འགྲེམས་སྟོན་གནང་ཡོད་པ་རེད།

ཕྱི་ལོ་ ༢༠༢༥ ལོར་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་ (Bonhams) རིན་སྡུར་ཚོང་བསྒྱུར་ཁང་དུ། སྦེ་སིལ་སྒུལཌ་ལགས་ཀྱིས་བསྐྱོན་གནང་བའི་པར་རིས་ཕྱག་དེབ་དང་ཡིག་ཚགས་ཁག་ཅིག་རིན་བསྡུར་ཚོང་སྒྱུར་གནང་ཡོད་པ་རེད།

སྦེ་སིལ་སྒུལཌ་ (Basil Gould) ལགས་ཀྱིས་ཕྱི་ལོ་ ༡༩༣༥ ནས་ ༡༩༤༥ བར་འབྲས་ལྗོངས་དང་། འབྲུག བོད་བཅས་ཀྱི་དབྱིན་ཇིའི་གཞུང་གི་ཆབ་སྲིད་ཀྱི་འགན་ཁུར་བཞེས་པ་དང་། འབྲས་སྤྱི་བློན་ཆེན་ཞེས་ཡོངས་གྲགས་སུ་འབོད་བཞིན་པ་ཁོང་གིས་ཕྱི་ལོ་ ༡༩༤༠ ཟླ་ ༢ ཚེས་ ༢༢ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསེར་ཁྲི་མངའ་གསོལ་གྱི་དགྱེས་སྟོན་མཛད་སྒོར་ལྷན་ཞུགས་གནང་པ་དང་། ཕྱི་ལོ་ ༡༩༡༢ ནས་ ༡༩༡༣ བར་བོད་ཀྱི་རྒྱལ་རྩེར་ཡོད་པའི་དབྱིན་ཇིའི་ཚོང་དོན་སྐུ་ཚབ་གནང་མྱོང་ཡོད་མཁན་ཞིག་ཀྱང་ཡིན་པ་རེད།

བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།