མི་ལོ་སོ་བཞིའི་རྗེས་དྲུག་བཞིའི་དོན་རྐྱེན་དང་བོད་ལྗོངས་སློབ་ཆེན་ལ་ཕྱིར་མིག་བལྟས་པ།
རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་སྤྱི་ལོ་༡༩༨༩ལོར་སློབ་ཕྲུག་དང་ཤེས་ཡོན་པ་སྟོང་ཚོ་མང་པོས་རྒྱ་ནག་གི་ཆབ་སྲིད་དམངས་གཙོའི་ལམ་ལུགས་སུ་བསྒྱུར་དགོས་པའི་ངོ་རྒོལ་ལས་འགུལ་ཤུགས་ཆེ་བྱུང་བ་དང་། དེའི་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་བྱས་བར་བརྟེན། ཡོངས་གྲགས་སུ་དྲུག་བཞིའི་དོན་རྐྱེན་དུ་འབོད་པའི་དུས་སྐབས་དེར། བོད་ལྗོངས་སློབ་གྲྭ་ཆེན་མོའི་ནང་གི་རྒྱ་རིགས་སློབ་ཕྲུག་ཚོས་འགོ་ཁྲིད་དེ་ངོ་རྒོལ་ལས་འགུལ་སྤེལ་ཡོད་ནའང་། དེ་དུས་བོད་ལྗོངས་སློབ་ཆེན་དུ་ཚན་ཁག་བདུན་ཡོད་པ་ལས་བོད་རིགས་སློབ་ཕྲུག་གི་ཚན་ཁག་གཉིས་མ་གཏོགས་མེད་པས། བོད་ཕྲུག་ཚོ་གྲངས་ཉུང་དུ་གྱུར་པའི་ཁར་རྒྱ་བོད་སློབ་ཕྲུག་གི་བར་འགལ་ཟླ་ཆེན་པོ་ཡོད་པ་སོགས་ཀྱིས། ངོ་རྒོལ་ལས་འགུལ་སྐབས་བོད་རིགས་སློབ་ཕྲུག་ཚོས་བོད་ལྗོངས་དར་རྒྱས་ཟེར་བ་ལྟ་བུའི་འབོད་ཚིག་ཁོ་ན་མ་གཏོགས། བོད་དོན་དང་འབྲེལ་བའི་འབོད་ཚིག་བསྒྲགས་མི་ཆོག་ཅེས། རྒྱ་རིགས་སློབ་ཕྲུག་ཚོས་བོད་རིགས་སློབ་ཕྲུག་ཚོ་ལ་འབོད་ཚིག་ཚད་བཀག་བཟོས་ཏེ་གནོན་ཤུགས་སྤྲད་ཡོད་པ། སྐབས་དེར་བོད་ལྗོངས་སློབ་གྲྭ་ཆེན་མོར་སློབ་གཉེར་གནང་མཁན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་བསོད་རྡོར་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ད་དུང་ཁོང་གིས་རྒྱ་རིགས་སློབ་ཕྲུག་ཚོས་བོད་རིགས་སློབ་ཕྲུག་གི་ཐོག་ཚད་བཀག་བཟོ་དགོས་པའི་རྒྱུ་མཚན་ནི། སྤྱི་ལོ་༡༩༨༧ལོ་ནས་༨༩ལོ་བར་བོད་ཀྱི་རྒྱལ་ས་ལྷ་སར། གདན་ས་གསུམ་དང་བཙུན་མའི་དགོན་པ་ཚོ། བོད་ལྗོངས་སློབ་ཆེན་གྱི་བོད་ཡིག་དང་བོད་སྨན་ཚན་ཁག་གི་སློབ་ཕྲུག་ཚོས། བོད་རང་བཙན་རྩོད་ལེན་དང་བོད་ཀྱི་སྐད་ཡིག་གཙོར་འཛིན་དགོས་པ་སོགས་ཀྱི་རྔམ་སྟོན་ངོ་རྒོལ་ཤུགས་ཆེ་བྱུང་ཡོད་པར་བརྟེན། རྒྱ་བོད་ཕན་ཚུན་འགལ་ཟླ་ཡོད་པའི་སྤྱི་ཚོགས་ཤིག་ཏུ་གྱུར་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
སྐབས་དེར་རྒྱ་ནག་གི་སྲིད་བློན་ཀྲོ་ཙི་ཡང་གིས་སློབ་ཕྲུག་ཚོར་གདུང་སེམས་མཉམ་བསྐྱེད་གནང་སྟེ་ཁོང་ལ་དམ་དྲག་བྱས་པར་བརྟེན། རྒྱ་ནག་གཞུང་གིས་ཁོང་ནས་ཚབས་ཆེའི་ནོར་འཁྲུལ་ཤོར་བར་བོད་ལྗོངས་སློབ་ཆེན་དུ་སྐྱོན་བརྗོད་ཚོགས་འདུ་ཚོགས་སྐབས། བོད་མི་སློབ་ཕྲུག་ཚོས་རྒྱ་ནག་གཞུང་གིས་ཁོ་རང་ཚོའི་དམག་མི་རེ་ཟུང་ཤི་བ་གཙོར་འདོན་གྱིས་བཤད་པ་མ་གཏོགས། ང་ཚོ་བོད་མི་གྲྭ་བཙུན་དང་མི་མང་ཧ་ཅང་མང་པོ་དམར་གསོད་བཏང་སྐོར་ཁྱོན་ནས་མི་བཤད་པ་དེས། རྒྱ་ནག་གཞུང་རྩ་བ་ནས་དྲང་པོ་མ་རེད་ཅེས་རྒྱ་མི་ཚོར་རྩོད་གླེང་ཤུགས་ཆེར་བྱས་པ་ཡང་གསུངས་བྱུང་།
གཞན་ཡང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས། ༡༩༨༩ལོའི་མང་གཙོའི་ལས་འགུལ་དེས་རྒྱ་ནག་དམར་ཤོག་ཚོགས་པ་མགོ་རྟིང་སློག་པ་དང་། དམངས་གཙོའི་གཞུང་འཛུགས་རྒྱུའི་དམིགས་ཡུལ་དེ་འགྲུབ་མེད་ནའང་། རྒྱ་ནག་ནང་མང་གཙོའི་ལྟ་གྲུབ་འཕེལ་བ་དང་མང་གཙོའི་ལྟ་གྲུབ་ཐོག་ནས་གཞུང་ལ་སྐྱོན་བརྗོད་ཀྱི་མཚོན། ཁྲིམས་དང་དམངས་གཙོ་སོགས་ཀྱི་ཐོག་རྒྱ་ནག་མི་མང་གཉིད་སད་པར་ནུས་པ་བསམ་གྱིས་མི་ཁྱབ་པ་ཐོན་པ་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་ནང་སྤྱི་ལོ་༡༩༨༩ལོར་རྒྱ་ནག་གི་འགོ་ཁྲིད་ཧུང་ཡོ་པང་འདས་གྲོངས་སུ་སོང་བར། རྒྱ་ནག་གཞུང་གིས་ཚུལ་མཐུན་གྱི་མྱ་ངན་མ་བྱས་པ་སོགས་ཀྱིས། སློབ་ཕྲུག་དང་ཤེས་ཡོན་ཅན། མི་མང་སོགས་ཀྱིས་རང་འགུལ་ངང་བསྒྱུར་བཅོས་དང་གུ་ཡངས་ཀྱི་བསམ་བློ་ཤུགས་ཆེ་ཡོད་པའི་འགོ་ཁྲིད་ཧུ་ཡོ་པང་ལ་མྱ་ངན་ཞུས་པ་དང་འབྲེལ། རྒྱ་ནག་དམར་གཞུང་ལ་ངོ་རྒོལ་དང་དམར་པོའི་ལམ་ལུགས་དམངས་གཙོའི་རིང་ལུགས་སུ་བསྒྱུར་དགོས་པའི་དགོས་འདུན་གྱི་ལས་འགུལ་ཤུགས་ཆེ་བྱུང་བར་བརྟེན། རྒྱ་ནག་གི་རྒྱལ་ས་པེ་ཅིན་གྱི་གནམ་བདེ་སྒོ་མོའི་ཐང་ཆེན་དུ། སྤྱི་ལོ་༡༩༨༩ལོའི་ཟླ་༦པའི་ཚེས་༤ཉིན། སློབ་ཕྲུག་ལས་འགུལ་བའི་སྟེང་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་གིས་དྲག་གནོན་ཤུགས་ཆེ་བྱས་ཏེ། སློབ་ཕྲུག་དང་མི་མང་དམར་གསོད་དང་འཛིན་བཟུང་། བཙོན་འཇུག་གི་གནས་ཚུལ་སོགས་ཧ་ཅང་ཡ་ང་བ་ཞིག་བྱུང་ཡོད་པས། ཡོངས་གྲགས་ལོ་རྒྱུས་སུ་དེ་ལ་གནམ་བདེ་སྒོ་མོ་ཆེའི་དྲུག་བཞིའི་དོན་རྐྱེན་དུ་འབོད་བཞིན་པ་དང་། རྒྱ་ནག་གཞུང་གིས་སྐབས་དེར་མང་གཙོའི་ལས་འགུལ་པར་དྲག་གནོན་གྱིས་ལོ་ངོ་༣༤འཁོར་བའི་དུས་དྲན། འདི་ལོ་སྤྱི་ཟླ་༦པའི་ཚེས་༤ཉིན་ཧོང་ཀོང་དུ་སྲུང་བརྩི་གནང་བར་ཁག་བཞག་སྟེ།ཧོང་ཀོང་གི་ཉེན་རྟོག་པས་རྒྱ་རིགས་མང་གཙོ་དོན་གཉེར་བ་༡༠འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།