བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་གྲོས་ཆོད་བཞག་འདུག
2014.03.13

ཨི་ཊ་ལིའི་གྲོས་ཚོཊ་གོང་མའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གོང་སྤེལ་ཚོཊ་ཆུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་གྲོས་ཆོད་བཞག་འདུག
དེ་ཡང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན། དེ་ནི་ཕྱི་ལོ་༢༠༡༣ལོའི་ཕྱི་ཟླ་བཅིུས་པའི་ནང་བོད་མིའི་སྒྲིགས་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ཨི་ཌ་ལིའི་གྲོས་ཚོགས་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་སྐོར་སྙན་སེང་ཞུས་པའི་མཇུག་འབྲས་ཤིག་ཡིན་ཚུལ་འཁོད་པ་དང་། དེ་ཡང་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་རྒྱ་ནག་གཞུང་གིས་བོད་ནང་མུ་མཐུད་དྲག་གནོན་བྱེད་བཞིན་པ་དང་། བོད་མི་ཚོས་རང་གི་རིག་གཞུང་སྲུང་སྐྱོབ་བྱ་རྒྱུར་དམ་བསྒྲཌ་བྱེད་བཞིན་པའི་སྐོར་གསུང་ཐོག་བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་རྒྱ་ནག་གཞུང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བསྐྱར་གསོ་གནང་ཐབས་སུ་ཨི་ཊ་ལིའི་གྲོས་ཚོགས་ནས་རྒྱབ་སྐྱོར་གནང་དགོས་པའི་ནན་སྐུལ་ཞུས་ཡོད་པ་བཞིན་ཨི་ཌ་ལིའི་གྲོས་ཚོགས་གོང་མའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གིས་རྒྱ་ནག་གཞུང་ལ་བོད་ནང་བོད་མི་ཚོར་དྲག་གནོན་བྱ་རྒྱུ་འཕྲལ་དུ་འཚམས་འཇོགས་བྱེད་དགོས་པ་དང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་གུས་བརྩི་ཞུས་ཐོག་སློབ་གྲྭ་ཁག་ནང་བོད་ཡིག་སློབ་ཁྲིད་བྱེད་ཆོག་པ་དང་། བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་སུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བསྐྱར་གསོ་གནང་དགོས་པའི་འབོད་སྐུལ་ཞུ་བའི་གྲོས་ཆོད་བཞག་ཡོད་འདུག ད་དུང་གྲོས་ཆོད་དེའི་ནང་རྒྱ་ནག་གཞུང་གིས་གསར་འགོད་པ་དང་ གཞུང་གི་མི་སྣ། དེ་བཞིན་ཕྱི་རྒྱལ་མི་རིགས་བོད་ནང་རང་དབང་གི་ཐོག་ནས་འགྲོ་བསྐྱོད་བྱེད་ཆོག་པའི་ནན་སྐུལ་ཞུས་འདུག་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁང་གི་ངོས་ནས་ཀྱང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་བལྟ་ཞིབ་ནན་པོ་གནང་དགོས་པའི་ནན་སྐུལ་ཞུས་འདུག
གསར་འགོད་པ་ཚེ་དབང་ནོར་བུ།