མོ་མཚན་ལ་འཛུབ་མོས་རྟག་དཔྱད་མཚམས་འཇོག་རོགས།

རྒྱ་གར་ནང་བུད་མེད་ལ་བཙན་གཡེམ་བྱས་ཡོད་མེད་རྟག་དཔྱད་སྐབས་མོ་མཚན་ནང་མཛུབ་མོ་རྒྱབ་ནས་རྟག་དཔྱད་བྱེད་བཞིན་པ་ཚུལ་མཐུན་གྱི་ཐབས་ལམ་ཞིག་མ་ཡིན་པས་མཚམས་འཇོག་གི་དགོས་འདུན་བཏོན་འདུག

2012.12.31

དེ་ཡང་ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་བལྟ་ཞིབ་ཚོགས་པས་རྒྱ་གར་གཞུང་ལ་དགོས་འདུན་བཏོན་ནས། བུད་མེད་ཚོར་བཙན་གཡེམ་བྱས་ཡོད་མེད་ཐག་གཅོད་བྱེད་ཕྱིར་གཞུང་གིས་བསྐོས་པའི་སྨན་པ་ཚོས་བུད་མེད་ཀྱི་མོ་མཚན་ནང་མཛུབ་མོ་བརྒྱུད་དེ་བརྟག་དཔྱད་བྱེད་པའི་ལམ་སྲོལ་དེ་ནི་ཚན་རིག་དང་། རྒྱུ་མཚན་གང་གི་ཐད་ནས་ཚད་ལྡན་ཅན་གྱི་བརྟག་དཔྱད་བྱེད་སྟངས་ཤིག་མིན་ཚུལ་བརྗོད་ཡོད་པ་དང་།  དེ་ ནི་བུད་མེད་ཚོར་དམའ་འབེབས་གཏོང་བའི་ཐབས་ལམ་ཞིག་ཡིན་པས་མཚམས་འཇོག་དགོས་བའི་དགོས་འདུན་བཏོན་འདུག ཟླ་བ་འདིའི་ཚེས་༡༦ཉིན་རྒྱ་གར་གྱི་རྒྱལ་སའི་ནང་མི་ངན་དྲུག་གིས་དུས་གཅིག་བཙན་གཡེམ་བྱས་པའི་བུད་མེད་དེ་གསོན་པོར་གནས་ཐབས་སླད་སིང་ག་པུར་ནང་སྨན་བཅོས་བྱས་ཀྱང་མཐར་འདས་གྲོང་ཕྱིན་པའི་ཐད་རྒྱ་གར་གྱི་བརྙན་འཕྲིན་ལས་ཁང་ NDTVཡིས་༧གོང་ས་མཆོག་ལ་དགོངས་ཚུལ་བཀའ་འདྲི་ཞུས་པར་གོང་ས་མཆོག་གིས་དོན་རྐྱེན་དེ་འདྲ་བྱུང་བ་ཧ་ལས་བའི་བློ་ཕམ་པོ་རེད་། ངོས་རང་བློ་ཕམ་ཆེན་པོ་བྱུང་ཞེས་བཀའ་གནང་ཡོད་པ་དང་། དེ་བཞིན་དོན་རྐྱེན་དེ་འདྲ་མི་ཡོང་བའི་ཆེད་དུ་། མི་སྤྱི་དང་། ལྷག་པར་དུ་འབྲེལ་ཡོད་ཚོས་དོ་སྣང་སྔར་ལས་ནུས་ཤུགས་ཆེ་བ་བྱེད་དགོས་ཀྱི་རེད་། རྒྱ་གར་ནང་ཤེས་ཡོན་དང་། འཕྲུལ་ཆའི་ཡར་རྒྱས་ཕྱིན་པའི་ཐོག་ལ་ལོ་སྟོང་ཕྲག་མང་པོའི་གོང་ནས་དར་བའི་སྲོལ་རྒྱུན་གྱི་རིན་ཐང་དེ་དག་ཡ་རབས་བཟང་སྤྱོད་ཀྱི་གཞི་རྩ་ཆགས་ཡོད་བ་རེད་། ཡིན་ནའང་། ད་ཆ་རིན་ཐང་དེ་ཚོ་ཚང་གི་ཡོད་པ་མ་རེད་། སྣང་ཆུང་ཕྱིན་པ་རེད་། དོན་རྐྱེན་དེ་ཚོའི་རིགས་ཐོན་དུས་རྒྱ་གར་གྱི་གནའ་བོའི་བཟང་སྤྱོད་རིན་ཐང་དེ་ཚོ་ད་ཆ་རིམ་བཞིན་ཉམས་རྒུད་དུ་འགྲོ་བཞིན་པ་ཤེས་རྟོགས་ཡོང་གི་རེད་ཅེས་གསུངས།

མི་སྤྱོད་ལས་འདས་བའི་བཙན་གཡེམ་རྗེས་སིང་གྷ་པུར་གྱི་སྨན་ཁང་ཞིག་ཏུ་སྨན་བཅོས་བྱས་ཀྱང་དོན་འབྲས་མ་སོན་པར་རེས་གཟའ་སྤེན་པའི་ཉིན་འདས་གྲོང་གྱུར་ཡོད་པ་རེད། ཁོ་མོའི་ཕུང་པོ་རྒྱལ་ས་ལྡི་ལིའི་ནང་འབྱོར་བའི་སྐབས་གནམ་ཐང་དུ་སྲིད་བློན་མཆོག་སོགས་མཐོ་རིམ་མི་སྣ་ཕེབས་ཡོད། མང་ཚོགས་ཀྱི་བསམ་པ་གཅིག་གྲོས་ཀྱིས་རྒྱབ་སྐྱོར་དང་གནོན་ཤུགས་སྤྲད་པའི་རྐྱེན་གྱིས་བསམ་ཡུལ་ལས་འདས་པའི་བྱ་སྤྱོད་སྤེལ་མཁན་ཚང་མ་འཛིན་བཟུང་ཐུབ་པ་བྱུང་ཡོད་པ་དང་། ད་ཆ་ཁོང་ཚོའི་ཐོག་བཙན་གཡེམ་ཙམ་མ་ཡིན་པར་མི་བསད་པའི་ཉེས་བཙུགས་ཀྱང་བྱས་ཡོད་པ་རེད།

གསར་དུ་ཐོན་པའི་གནས་ཚུལ་ལྟར་ན། བཙན་གཡེམ་རྗེ་གྲོངས་བ་ཁོ་མོའི་ཆེད་རྒྱ་གར་གྱི་ཀོང་རོ་སེ་ཚོགས་པའི་དབུ་ཁྲིད་ལྕམ་སོ་ནི་ཡ་རྒན་རྡི་མཆོག་གིས། ཁོང་སྐུ་སྒེར་གྱི་ཐོག་ནས་ཕྱི་ལོ་གསར་པ་དགའ་སྟོན་གནང་གི་མེད་པ་མ་ཟད་། ཁོང་ཆབ་སྲིད་པའི་ལས་བྱེད་རྣམས་ལ་ཡང་ཕྱི་ལོ་གསར་པ་སྲུང་བརྩི་ལས་རིམ་མེད་པ་བཟོ་དགོས་པའི་འབོད་བསྐུལ་དང་ལམ་སྟོན་ཕུལ་ཡོད་པ་རེད་འདུག་། དེ་བཞིན་རྒྱ་གར་གྱི་མངའ་སྡེ་ Panjab དང་ Haryan གཉིས་ཀྱིས་ཀྱང་ཕྱི་ལོ་གསར་པ་སྲུང་བརྩི་གནང་གི་མེད་པ་རེད་འདུག་། གནད་དོན་དེའི་ཐོག་རྒྱ་གར་ནང་ངོ་རྒོལ་གྱི་ལས་འགུལ་ཡང་མུ་མཐུད་ནས་འགྲོ་བཞིན་པ་དང་། རྒྱ་གར་དབུས་གཞུང་གིས་བུད་མེད་སྲུང་སྐྱོབ་ཀྱི་ཁྲིམས་གསར་པ་ཞིག་གཏན་འབེདས་མ་བྱུང་བར་དུ་ངོ་རྒོལ་མཇུག་སྐྱོང་བྱེད་རྒྱུ་ཡིན་པའི་སྐོར་ངོ་རྒོལ་བས་གསུངས་པ་བཅས་ཀྱི་གནས་ཚུལ་ཐོན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མི་རྣམས་ནས་རྒྱ་ནག་གི་གནོན་ཤུགས་འོག་བོད་སྤྱི་ལ་གནོད་འཚེར་གྱུར་བའི་ལག་ཆ་ཞིག་ཏུ་མི་འགྱུར་བའི་འབད་བརྩོན་གནང་གལ་ཆེ་བ་ཡིན་ཞེས། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་གསུངས་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་མིའི་སྒྲིག་འཛུགས་ཀྱིས་བཙན་བྱོལ་བོད་མི་རྣམས་བོད་ནང་བསྐྱོད་ཕྱོགས་ཐད་ལམ་སྟོན་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎