བརྙས་བཅོས་ཀྱི་ཁ་བཏགས་སྤྲད་པ་དང་ཏང་དང་སྲིད་གཞུང་ལ་མི་དགའ་རྣམ་འགྱུར་བསྟན་པར་བརྟེན་ཐེངས་ཁ་ཤས་ལ་འདྲི་རྩད་དང་ཉེས་ཆད་བཏང་འདུག
དེ་ཡང་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་གྱིས་གནས་ཚུལ་བཏང་དོན། ༢༠༡༢་ལོའི་ཟླ་༣པའི་ནང་མགོ་ལོག་པདྨ་ཕྱོགས་ཀྱི་དྷི་མདའ་ཡུལ་ཚོའི་ནང་རྒྱ་ནག་གཞུང་གིས་གོ་སྒྲིག་འོག་ཚོགས་འདུ་ཞིག་སྐོང་ཚོགས་བྱས་བའི་རྗེས་། དྷི་མདའ་དགོན་པའི་དགེ་འདུན་པ་རན་ན་དང་། ཐུབ་རྣམ་གཉིས་ཀྱིས་ཚོགས་འདུར་གཏམ་བཤད་གནང་མཁན་རྒྱུད་བདེ་དགོན་པའི་སྤྲུལ་སྐུ་ཀརྨ་རིག་མཆོག་དང་། པཎ་ཆེན་དགོན་པའི་སྤྲུལ་སྐུ་ཨྱོན་མཆོག་དཔལ་གཉིས་ཀྱི་གཏམ་བཤད་གནང་སྟངས་ལ་མི་འདོད་ངོ་རྒོལ་གྱི་རྣམ་འགྱུར་མཚོན་བྱེད་སྐྱོན་བརྗོད་ཀྱི་ནང་དོན་ལྡན་པའི་ཁ་བཏགས་འཐེན་པ་དང་། ལྷག་དོན་དུ་ཁོང་གཉིས་ལ་བོད་ཀྱི་ལ་རྒྱ་མེད་པ་དང་། རྒྱ་ནག་གི་རྒྱུག་ཁྱི་ཡིན་ཚུལ་སོགས་ཀྱི་སྐྱོན་བརྗོད་བྱས་པའི་རྗེས་ས་གནས་རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཤེས་རྟོགས་བྱུང་ནས་། དགེ་འདུན་པ་ཁོང་གཉིས་ཐེངས་ཁ་ཤས་ལ་འཇུ་བཟུང་དང་གཅར་རྡུང་བྱས་ཡོད་པ་དང་། གནས་ཚུལ་ལྟར་ན། ཉེ་བའི་ཆར་པདྨ་རྫོང་སྤྱི་བདེ་ཅུའུ་དང་། དྷི་མདའ་ཡུལ་ཚོའི་ཨུ་ཡོན་ལྷན་ཁང་། དྷི་མདའ་ཡུལ་ཚོའི་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་རུ་ཁག རང་དབང་དོ་དམ་དགོན་སྡེ་རུ་ཁག་བཅས་བ་ནས་གོང་གི་དགེ་འདུན་པ་གཉིས་ཀྱིས་རྒྱུད་བདེ་དགོན་པའི་སྤྲུལ་སྐུ་ཀརྨ་རིག་མཆོག་དང་། པཎ་ཆེན་དགོན་པའི་སྤྲུལ་སྐུ་ཨྱོན་མཆོག་དཔལ་གཉིས་ལ་བརྙས་བཅོས་ཀྱི་དར་ཁ་སྤྱིན་པ་དང་། བྱ་སྤྱོད་དེ་ལ་བརྟེན་ཁོང་གཉིས་ཀྱིས་ཏང་དང་སྲིད་གཞུང་ལ་མི་དགའ་བའི་རྣམ་འགྱུར་བསྟན་པ་མ་ཟད། མི་རིགས་མཐུན་སྒྲིལ་སྔོན་ཐོན་བྱ་བར་ཤུགས་རྐྱེན་ཆེན་པོ་ཐེབས་པར་བརྟེན་དགེ་འདུན་པ་ཁོ་གཉིས་ཁྲིམས་ལུགས་གསོ་སྦྱོང་འཛིན་གྲྭར་ཞུགས་རྒྱུ་དང་། དེ་བཞིན་རྒྱུད་བདེ་དགོན་དང་། པཎ་ཆེན་དགོན། དྷི་མདའ་དགོན། ཡུལ་ཚོའི་སྲིད་གཞུང་བཅས་བར་ཡོངས་བསྒྲགས་དགོངས་དག་ཞུ་དགོས་རྒྱུ་མ་ཟད། སྡེ་ཁག་རེ་ལ་རྒྱ་སྒོར་ཁྲི་རེ་བསྡོམས་པས་ཁྱོན་རྒྱ་སྒོར་ཁྲི་བཞི་ཡི་བཤགས་པ་སྤྱིན་དགོས་པ་སོགས་ཐག་གཅོད་བྱས་བ་དང་། དེ་༢༠༡༤ལོའི་ཟླ་༥ཚེས་༢༡ཉིན་གྱི་སྔོན་ཚུད་བསྒྲུབ་ཐུབ་པ་བྱེད་དགོས་པའི་བཅད་ཁྲ་བཏང་ཡོད་པ་རེད་འདུག
གསར་འགོད་པ་ཀརྨ་རྡོ་རྗེ།
