རྒྱལ་སྤྱིའི་ཉེས་ཡང་ཚོཌ་པས་རྒྱ་ནག་གཞུང་ལ་སྐྱོན་བརྗོད།
2011.06.30
༄༅༎རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་རྩོད་གླེང་བྱེད་མཁན་ཁྲིམས་རྩོད་པའི་ཐོག་རྒྱ་ནག་གཞུང་ནས་དམ་བསྒྲཌ་དང་དྲག་གནོན་གྱི་སྲིད་ཇུས་དམིགས་བསལ་ལག་བསྟར་བྱེད་བཞིན་ཡོད་པའི་སྐོར་རེས་གཟའ་ཕུར་བུའི་ཉིན་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་སྐྱོན་བརྗོད་ཀྱི་སྙན་ཐོ་འདོན་སྤེལ་གནང་བཞག
རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་སྙན་ཐོའི་ནང་གསལ་བར་གཞིགས་ན་
དཀྱིལ་ཤར་ཡུལ་གྲུ་ཁག་དང་བྱང་ཨབ་རི་ཀའི་ནང་སྲིད་དབང་གཅིག་སྡུད་ཀྱི་གཞུང་སྲིད་ལམ་ལུགས་ལ་མང་ཚོགས་ནས་ངོ་རྒོལ་དང་གྱེན་ལངས་རྒྱ་ཁྱབ་བྱུང་བ་དེ་ལྟར་རྒྱ་ནག་ནང་དར་སྤེལ་འགོག་ཐབས་སླད་རྒྱ་ནག་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གནད་དོན་ལ་ཁྲིམས་གཏུགས་བྱེད་མཁན་ཁྲིམས་རྩོད་པ་ཚོའི་ཐོག་དམིགས་བསལ་དམ་བསྒྲཌ་བྱེད་བཞིན་ཡོད་པ་རེད་
རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་འགན་འཛིན་ཀེ་ཐི་རིན་སྦེ་སྦེར་ཡིས་གསུངས་ན་
རྒྱ་ནག་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ཚོར་བསུན་བཙིར་དང་སྡིག་ར་བསྐུལ་བའི་བྱེད་སྟངས་ནང་ཁྲིམས་རྩོད་པ་ཚོའི་ལག་ཁྱེར་ཕྱིར་བསྡུ་རྒྱུ་དང་
ཁྲིམས་རྩོད་པ་ཁ་ཤས་འཛིན་བཟུང་གི་གར་སོང་ཆ་མེད་དུ་གྱུར་བ་དང་ ཡང་མང་པོར་མནར་གཅོད་བཏང་བའི་གནས་ལུགས་གསལ་འདོན་གནང་བཞག་
འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་སྤྱི་ཡོངས་ཐོག་དྲག་གནོན་གྱི་སྲིད་ཇུས་ལག་བསྟར་བྱེད་པའི་ནང་
སྨྲ་བརྗོད་རང་དབང་དང་ ཆོས་དད་རང་དབང་ དེ་བཞིན་ས་ཁང་བདག་དབང་དང་འབྲེལ་བའི་གནད་དོན་བཅས་ལ་ཁྲིམས་གཏུགས་བྱེད་མཁན་ཁྲིམས་རྩོད་པ་རྣམས་དོ་དམ་འཛིན་བཟུང་བྱེད་བཞིན་ཡོད་པའི་སྐོར་འགྲེལ་བརྗོད་གནང་བཞག་
རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་སྐྱོན་བརྗོད་ཀྱི་སྙན་ཐོ་དེའི་ཐོག་ཕེརས་སི་གསར་འགྱུར་ལས་ཁང་གི་གསར་འགོད་པས་རྒྱ་ནག་གི་ཁྲིམས་ཞིབ་ལས་དོན་ལྷན་ཁང་གི་མགྲིན་ཚབ་པ་ཧོང་ལེ་ལ་འདྲི་རྩད་བྱེད་སྐབས་ཧོང་ལེ་ཡིས་
རྒྱ་ནག་ནི་ཁྲིམས་ལུགས་ལྡན་པའི་རྒྱལ་ཁབ་ཅིག་དང་ རྒྱ་ནག་གི་ཁྲིམས་རྩོད་པ་རྣམས་ལ་བཅའ་ཁྲིམས་ནང་ཁྲིམས་རྩོད་ཀྱི་རང་དབང་ཡོད་ཚུལ་དང་
གང་བྱུང་གི་ཁྲིམས་རྩོད་པ་འཛིན་བཟུང་བྱེད་པ་དང་ཡང་ན་གར་སོང་ཆ་མེད་དུ་འགྱུར་བའི་སྐྱོན་འཛུགས་དེ་དག་ཁུངས་མེད་ཡིན་པའི་སྐོར་ལན་འདེབས་བྱས་འདུག་༎