རྒྱ་ནག་གི་བཙོན་འོག་ལ་ཡོད་པའི་ཨ་ཉ་སེང་སྒྲ་ལགས་གཟུགས་གཞིའི་གནས་སྟངས་ཞན་པོ་གྱུར་ཡོད་འདུག
བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་དང་རུལ་སུངས་ངོ་རྒོལ་བ་ཨ་ཉ་སེང་སྒྲ་ལགས་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་ནས་མི་ལོ་དྲུག་གི་རྗེས། ནང་མིར་སྐར་མ་ཁ་ཤས་ཀྱི་རིང་ཐུག་བཅུག་ཡོད་ཀྱང་། གཟུགས་གཞིའི་གནས་སྟངས་ཧ་ཅང་ཞན་པོ་ཡིན་པ་ཁོང་གི་ཁྲིམས་རྩོད་པས་བརྗོད་འདུག
དེ་ཡང་སྤྱི་ཟླ་༩ཚེས་༦ཉིན་ཨ་ཉ་སེང་སྒྲ་ལགས་ཀྱི་ཁྲིམས་རྩོད་པ་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཁྲིམས་རྩོད་པ་(Lin Qilei)་ཡིས་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་དུ་རྟེན་གཞི་བྱས་པའི་(Tibet Watch)་བོད་གནས་ལྟ་ཞིབ་ཁང་བརྗོད་ན། ཨ་ཉ་སེང་སྒྲ་ལགས་ཀྱི་ནང་མིས་ཞུ་གཏུགས་བྱས་པ་བརྒྱུད་ཟླ་བ་གཅིག་ལྷག་གི་གོང་དུ་ཁོང་གི་ནང་མི་དང་ཐུག་འཕྲད་བྱས་བཅུག་ཡོད་པ་དང་། དེ་ནི་ཨ་ཉ་སེང་སྒྲ་ལགས་རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་ནས་མི་ལོ་༦ཕྱིན་པའི་རྗེས་ནས། ནང་མིར་ཐུག་འཕྲད་བྱེད་བཅུག་པ་ཐོག་མ་དེ་ཡིན་པ་རེད་ལ། དུས་ཡུན་སྐར་མ་ཁ་ཤས་ཀྱི་རིང་ལ་མ་གཏོགས་ཐུག་བཅུག་མེད་པ་དང་། ཨ་ཉ་སེང་སྒྲ་ལགས་ཀྱི་གཟུགས་པོའི་བདེ་ཐང་གི་གནས་སྟངས་ཧ་ཅང་ཞན་པོ་ཡིན་པས། ནང་མི་དང་དོ་བདག་ཨ་ཉ་སེང་སྒྲ་ཕྱོགས་གཉིས་ཀ་ནས་བཙོན་ཁང་གི་འབྲེལ་ཡོད་འགོ་ཁྲིད་ལ་ཞུ་གཏུག་བྱས་ཀྱང་། ཁོ་ཚོ་ཡང་བསྐྱར་ཐུག་འཕྲད་བྱེད་རྒྱུར་ཆོག་མཆན་སྤྲད་མེད་པ་སོགས་བརྗོད་འདུག
གནས་ཚུལ་འདི་དང་འབྲེལ་དེ་སྔ་བོད་ནང་ཁྲིམས་རྩོད་པའི་ཕྱག་ལས་གནང་མྱོང་མཁན་ཁྲིམས་གླེང་དྲ་ཚིགས་ཀྱི་གཙོ་སྐྱོང་བ་སྒྲོལ་མ་སྐྱབས་ལགས་སུ་བཅར་འདྲི་ཞུས་སྐབས། ཁོང་གིས་རྒྱ་ནག་གཞུང་གིས་འདི་ལྟར་ཨ་ཉ་སེང་སྒྲ་ལགས་དང་རྡོ་རྗེ་བཀྲིས་ལགས་སོགས་ནང་མིར་ཐུག་འཕྲད་བྱེད་འཇུག་གི་མེད་པ་ནི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་ཡིན་པ་དང་། རྒྱ་ནག་གི་རྩ་ཁྲིམས་ནང་བཙོན་མ་ཚོར་ཟླ་རེར་ཐེངས་རེ་ལྟ་བུའི་དུས་ཚོད་གཏན་འབེབ་བྱས་པའི་ནང་ཐུག་ཆོག་པ་དང་། ལྷག་པར་དུ་ནད་གཞི་ལྗིད་མོ་རིགས་ཕོག་ནས་བཙོན་ཁང་ནས་སྨན་བཅོས་བྱེད་མ་ཐུབ་ན། རྒྱ་སྐད་དུ་(Baowai Jiuyi)་ཞེས་ཕྱི་ལ་ཡོང་ནས་སྨན་བཅོས་བྱས་ནས་དྲག་སྐྱེད་བྱུང་རྗེས་ཕྱིར་བཙོན་ཁང་དུ་སོང་ན་འགྲིག་པ་སོགས་ཀྱི་ཁྲིམས་ཡོད་ནའང་། རྒྱ་ནག་གཞུང་གིས་དེ་ལག་བསྟར་བྱེད་ཀྱི་མེད་པ་དང་། ཆབ་སྲིད་བཙོན་པ་སོགས་ལ་དམིགས་བསལ་དམ་དྲག་བྱེད་ཀྱི་ཡོད་པ། རྒྱ་ནག་གི་བཙོན་འོག་ཏུ་ནང་མིར་ཐུག་འཕྲད་བྱེད་འཇུག་གི་མེད་པ་ནི་རྒྱ་ནག་རང་ཉིད་ཀྱི་རྩ་ཁྲིམས་དང་འགལ་ཡོད་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་དང་ཡང་འགལ་ཡོད་པ་རེད་ཅེས་གསུང་བྱུང་།
མཚོ་སྔོན་ཞིང་ཆེན་མགོ་ལོག་དགའ་བདེ་རྫོང་རྐྱང་ཆད་ཡུལ་ཚོ་ནས་ཡིན་པའི་བོད་མི་ཨ་ཉ་སེང་སྒྲ་ལགས་ཀྱིས་ས་གནས་མི་དམངས་ཀྱིས་སྣེ་འཁྲིད་ནས་ཁོར་ཡུག་སྲུང་སྐྱོབ་དང་། དེ་བཞིན་ས་གནས་གཞུང་གིས་རྣམ་གྲངས་ལས་གཞི་ནང་ལྐོག་ཟ་རུལ་སུངས་བྱེད་མཁན་དཔོན་རིགས་ཚོ་ཐེར་འདོན་བྱས་པའི་རྐྱེན་གྱིས། སྤྱི་ལོ་༢༠༡༨ལོའི་ཕྱི་ཟླ་ ༩ ཚེས་༤ཉིན་དགའ་བདེ་རྫོང་ཉེན་རྟོག་མི་སྣས་འཛིན་བཟུང་གྱིས་དུས་ཡུན་རིང་པོར་ཁྲིམས་ཞིབ་སོགས་གང་ཡང་མ་བྱས་པར་བཞག་པའི་རྗེས། དགའ་བདེ་རྫོང་རྐྱང་ཆད་ཡུལ་ཚོ་དང་གོང་སྨད་ཡུལ་ཚོ། གངས་ལུང་ཡུལ་ཚོ་བཅས་ཀྱི་མང་ཚོགས་མང་པོ་ནས་མིང་རྟགས་བཀོད་པའི་ཞུ་གཏུག་ཡི་གེ་ཞིག་བྲིས་པའི་ནང་། ཨ་ཉ་སེང་སྒྲ་ལགས་ཀྱིས་ས་གནས་དཔོན་རིགས་ཀྱི་སྤྱི་དངུལ་ཧམ་ཟ་དང་། ཁྲིམས་འགལ་གྱིས་གང་བྱུང་རི་དྭགས་རྔོན་པ། ཁོར་ཡུག་ལ་གནོད་འཚེ་བཟོས་པ་སོགས་ཀྱི་གནས་ཚུལ་ཐེར་འདོན་བྱས་པའི་རྐྱེན་གྱིས་འཛིན་བཟུང་བྱས་པ་བརྗོད་ཡོད་པས་མ་ཟད། ཁོང་མི་མང་གི་ཆེད་དུ་འཛིན་བཟུང་བཀག་ཉར་བྱས་པ་ལས། རྒྱ་ནག་གི་བཅའ་ཁྲིམས་དང་འགལ་བའི་ལས་དོན་གང་ཡང་སྤེལ་མེད་པའི་དཔེ་མཚོན་མང་པོ་དྲངས་ཡོད་པ་རེད།
དེའི་རྗེས་སྤྱི་ལོ་༢༠༡༩་ལོའི་ཟླ་༡༢་ཚེས་༦་ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་འབྲིང་རིམ་ཁྲིམས་ཁང་ཟེར་བས། སྤྱི་ཚོགས་ཟིང་སློང་དང་སྤྱི་ཚོགས་དཀྲུག་རྐྱེན་བསླང་བ་སོགས་ཀྱི་ཉེས་མིང་འོག་ཨ་ཉ་སེང་སྒྲ་ལགས་སོགས་བོད་མི་བརྒྱད་ལ་བཙོན་འཇུག་ཁྲིམས་ཆད་བཅད་ཡོད་པའི་ཁྲོད། ཨ་ཉག་སེང་སྒྲ་ལགས་སུ་ལོ་བདུན་གྱི་ཁྲིམས་ཆད་བཅད་པར། སྐབས་དེར་ཨ་ཉ་སེང་སྒྲ་ལགས་ཀྱིས་ཁྲིམས་ཆད་དེར་ངོས་ལེན་མ་བྱས་བར། བསྐྱར་ཏུ་ཁྲིམས་གཏུག་ཞུ་རྒྱུ་བྱས་ཏེ་ཁོང་གི་ཁྲིམས་རྩོད་པ་ལེན་ཆི་ལུའུ་སོགས་བརྒྱུད་ནས་གོང་རིམ་ལ་ཞུ་གཏུག་རིམ་པ་བྱས་ཀྱང་དོན་འབྲས་སྨིན་པ་བྱུང་མེད་པ་རེད།
ད་ལྟ་ལོ་ན་༥༣ཡས་མས་ཡིན་པའི་ཨ་ཉ་སེང་སྒྲ་ལགས་ཀྱིས་དེ་སྔ་ཡང་ས་གནས་དཔོན་རིགས་ཀྱི་ལྐོག་ཟ་རུལ་སུངས་སོགས་ཀྱི་གནས་ཚུལ་ཐེར་འདོན་བྱས་རྐྱེན། དེ་སྔ་སྤྱི་ལོ་༢༠༡༤ལོར་ཡང་འཛིན་བཟུང་གིས་ལོ་གཅིག་དང་ཟླ་གསུམ་གྱི་བཙོན་འཇུག་ཁྲིམས་ཆད་བཅད་མྱོང་ཡོད་པ་རེད།
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།