བོད་ཁམས་དཀར་མཛེས་ཁུལ་གྱི་གནས་ཚུལ།

ཁམས་དཀར་མཛེས་ཁུལ་བོད་མི་སྐྱ་སེར་ཕོ་མོ་མང་པོས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་རྗེས་བོད་མི་༣༩ཙམ་ཞིག་རྒྱ་མིས་འཛིན་བཟུང་བྱས་པ།

2011.06.29

༄༅༎ད་རེས་ས་ག་ཟླ་བའི་དུས་རིང་བོད་ཁམས་དཀར་མཛེས་ཁུལ་བོད་མི་སྐྱ་སེར་ཕོ་མོ་མང་པོས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་གཅིག་མཇུག་གཉིས་མཐུད་མཚམས་མི་ཆད་པ་གནང་ཡོད་པ་ལྟར་ཟླ་བ་འདི་གཅིག་པུའི་ནང་བོད་མི་༣༩ཙམ་ཞིག་རྒྱ་མིས་འཛིན་བཟུང་བྱས་ཡོད་པའི་སྐོར་ བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གསུངས་བཞག། ཉེ་དུས་ཁམས་དཀར་མཛེས་ཁུལ་ཕེབས་པའི་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་ཞིག་གིས་འགྲེལ་བརྗོད་གནང་དོན་ལྟར་ན། དྲག་ཆས་སྤྲས་པའི་རྒྱ་མིའི་དམག་མི་དང་ཉེན་རྟོག་པ་སྟོང་ཕྲག་མང་པོ་དཀར་མཛེས་ཁུལ་བཀྲམ་ཡོད་པ་དང༌། དམག་མིའི་རླངས་འཁོར་དང་དཔུང་དམག་གིས་སྲང་ལམ་ཁག་དུ་སྐོར་སྲུང་བྱེད་བཞིན་ཡོད་པ་མ་ཟད། དམག་ཆས་གྱོན་པ་དང་མ་གྱོན་པའི་རྒྱ་མིའི་དམག་མི་མང་པོ་ལམ་གྱི་བཞི་མདོ་ཁག་གི་ཟུར་ལ་ལྟ་སྲུང་བྱེད་བཞིན་ཡོད་པ་མཐོང་རྒྱུ་ཡོད་སྐོར་འགྲེལ་བརྗོད་གནང་བཞག།

ཡང་ཕྱི་རྒྱལ་བ་དེས་ ཁོང་དང་མཉམ་དུ་བཙུན་མ་འགའ་ཤས་ཡོད་པ་ཚོར་རྒྱ་མིའི་ཉེན་རྟོག་པས་ལམ་བར་བཀག་ནས་འགྲོ་མི་ཆོག་པའི་བཀའ་བཏང་ཡོད་ཀྱང་། བཙུན་མ་དེ་རྣམས་ཀྱིས་རྒྱ་མིའི་བཀའ་རྩིས་མེད་བཏང་ནས་ད་དུང་བློ་ཁོག་ཆེན་པོའི་ངང་ནས་འགྲོ་ཀྱང་བྱས་ཡོད་སྐོར་བརྗོད་འདུག། གོང་ཞུས་ཕྱི་རྒྱལ་མི་སྣ་དེ་དཀར་མཛེས་ཁུལ་ཐེངས་གཉིས་ཕྱིན་ཡོད་པ་དང༌། ཐེངས་དང་པོ་བསྐྱོད་སྐབས་རྒྱ་མིའི་དམག་མིའི་གྲངས་འབོར་ད་ལྟ་ཡོད་པ་ལས་ཕྱེད་ཀ་ཙམ་ཉུང་བ་ཡོད་པ་དང༌། བདུན་གཅིག་རྗེས་ཐེངས་གཉིས་པ་ཁུལ་དེར་བསྐྱོད་སྐབས་དཀར་མཛེས་ཁུལ་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་པའི་མཐོང་ཚུལ་བྱུང་འདུག་ལ། དགེ་འདུན་པ་འགའ་ཤས་ཀྱིས་བོད་རང་བཙན་ཡིན་པའི་སྐད་འབོད་བསྐྱོན་ཡོད་པའི་གནས་ཚུལ་ཀྱང་གོ་ཐོས་བྱུང་འདུག། ཐེངས་དང་པོ་དང་མི་འདྲ་བར་ཕྱི་རྒྱལ་མི་སྣ་དེ་དཀར་མཛེས་ཁུལ་ཐེངས་གཉིས་པ་བསྐྱོད་སྐབས། ཁོང་བསྐྱོད་སའི་འགྲུལ་འཁོར་དེ་དཀར་མཛེས་གྲོང་ཁྱེར་གྱི་ཕྱི་ལ་རྒྱ་མིའི་ཉེན་རྟོག་པས་ཐེངས་གཉིས་བཀག་ནས་། འགྲུལ་འཁོར་ནང་གྲྭ་པ་དང་བཙུན་མ་ཡོད་མེད་ལྟ་ཞིབ་བྱས་ཡོད་པ་མ་ཟད། དཀར་མཛེས་ནང་ཡོང་མཁན་གྲྭ་བཙུན་ཚང་མའི་ལག་འཁྱེར་ཐོ་འགོད་ཞིབ་ཚག་པོ་བྱས་ཡོད་པ་རེད།  དཀར་མཛེས་གྲོང་མཚོའི་ནང་བཙོན་ཁང་ཆེན་པོ་ཞིག་ཡོད་པ་དེ་བོད་པའི་ཆབ་སྲིད་བཙོན་པས་ཁེངས་ཡོད་པ་དང༌། དགོང་དྲོ་བརྙན་འཕྲིན་ཐོག་ རྒྱ་མིས་ཉེས་རྡུང་བཏང་རྗེས་བོད་པ་བཙོན་པ་ཚོས་ནག་ཉེས་ངོས་ལེན་བྱས་པའི་བརྙན་པར་རྒྱང་སྲིང་བྱེད་ཀྱི་ཡོད་སྐོར་ ཉེ་དུས་དཀར་མཛེས་ཁུལ་ཕེབས་པའི་ཕྱི་རྒྱལ་མི་སྣ་དེས་འགྲེལ་བརྗོད་གནང་བ་ བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་ཆི་ཁ་གྷོ་སྒྱུ་རྩལ་བསྟི་གནས་ཁང་གིས་དུས་རབས་བཅུ་གཉིས་པའི་སྐབས་ཀྱི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་བལ་ཡུལ་དུ་ཕྱིར་སློག་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎