ཨོསི་ཀྲེ་རི་ལི་ཡའི་གྲོས་ཚོགས་ཀྱིས་བོད་དོན་ལ་རྒྱབ་སྐྱོར།
2012.06.28
༄༅༎ཨོསི་ཀྲེ་རི་ལི་ཡའི་གྲོས་ཚོགས་ཀྱི་འཐུས་མི་མང་པོས་ བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་དང་མཇལ་འཕྲད་གནང་སྟེ་ བོད་ཀྱི་གནད་དོན་ལ་ཨོསི་ཀྲེ་རི་ལི་ཡའི་གྲོས་ཚོགས་ཀྱིས་རྒྱབ་སྐྱོར་ཡོད་པའི་རྣམ་པ་གསལ་འདོན་གནང་བཞག་༎
བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་དེང་སྐབས་ ཨོསི་ཀྲེ་རི་ལི་ཡའི་ནང་གཞུང་དོན་ཕྱོགས་བསྐྱོད་དུ་ཕེབས་ཡོད་པ་རེད་ ཁ་ས་ཚེས་༢༧ཉིན་ ཨོསི་ཀྲེ་རི་ལི་ཡའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མའེ་ཀལ་ཌེན་སྦི་མཆོག་ནས་ བཀའ་ཁྲི་མཆོག་ གྲོས་ཚོགས་ནང་ཕེབས་བསུའི་སྣེ་ལེན་ཞུས་འདུག་པ་དང་ དེ་ནས་བཀའ་ཁྲི་མཆོག་གིས་ ཨོསི་ཀྲེ་རི་ལི་ཡའི་ཆབ་སྲིད་ཚོགས་པ་ཁག་ལས་གྲུབ་པའི་གྲོས་ཚོགས་ཀྱི་གནད་ཡོད་འཐུས་མི་༣༠སྐོར་ཞིག་དང་གྲོས་མོལ་མཇལ་འཕྲད་གནང་འདུག་ལ་ དེའི་ཁོངས་སུ་ གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་མའེ་ཀལ་ཌེན་སྦི་དབུས་པའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་པི་ཊར་སི་ལིཔཱར་དང་ ཚོགས་གཙོ་ཟུར་པ་སྐུ་ཞབས་ཧེ་རི་ཇེན་ཀིན་སི་ཕྱོགས་འགལ་ཚོགས་པའི་འགོ་འཁྲིད་ལྦ་རེན་ཨེནཤ་བོད་དོན་ཐད་ལྗང་་ཁུ་ཚོགས་པའི་མགྲིན་ཚབ་མ་སེ་རའ་ཧེན་སེན་ཡཱང་བཅས་ཡིན་པ་རེད་ དུས་ཡུན་ཚོུད་༡ཙམ་རིང་གི་གྲོས་མོལ་མཇལ་འཕྲད་འདིའི་ཐོག་ བཀའ་ཁྲི་བློ་བཟང་སེང་གི་མཆོག་ནས་ བོད་རྒྱའི་འབྲེལ་ལམ་གྱི་གནས་བབ་དང་ བོད་མིའི་སྤྱི་ཚོགས་ཀྱི་དམངས་གཙོའི་འཕེལ་རིམ་ དབུ་མའི་ལམ་གྱི་སྲིད་ཇུས་དང་དེ་བཞིན་རྒྱ་ནག་ནང་འགོ་འཁྲིད་འཕོ་བསྒྱུར་གྱི་གནད་དོན་བཅས་ཀྱི་སྐོར་བཀའ་གྲོས་གནང་བཞག་ ཨོས་ཀྲེ་རི་ལི་ཡའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ནས་ བོད་མི་རྣམ་ལ་རྒྱབ་སྐྱོར་ཤུགས་ཆེ་ཡོད་པ་ནན་བརྗོད་གནང་འདུག་པ་མ་ཟད་ བོད་ཀྱི་གནད་དོན་སྐོར་གཏིང་ཟབ་མཁྱེན་འདོད་ཡོད་པ་གསལ་འདོན་གནང་བཞག་ ཨོས་ཀྲེ་རི་ལི་ཡའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མའེ་ཀལ་ཌེན་སྦི་མཆོག་ནས་ བཀའ་ཁྲི་བློ་བཟང་སེང་གེ་མཆོག་ གྲོས་ཚོགས་འོག་མའི་ནང་ཕེབས་བསུ་དང་འབྲེལ་ངོ་སྤྲོད་གསུངས་བཤད་སྩལ་བའི་ནང་ སྐབས་རེ་ཚོང་འབྲེལ་རྒྱབ་ཁབ་ལ་ཕོག་ཐུག་འགྲོ་ཡི་ཡོད་ནའང་ དམངས་གཙོའི་རིང་ལུགས་ཤིག་ཡིན་པའི་ཆ་ནས་ ང་ཚོས་བདེན་པ་བཤད་དགོས་ཀྱི་རེད་ བདེན་པ་ནི་འདས་པའི་ལོ་ངོ་༦༠རིང་རྒྱ་ནག་གི་དབང་བསྒྱུར་འོག་བོད་མི་རྣམས་ལ་དཀའ་ངལ་ཚད་མེད་འཕྲད་པ་དེ་ཡིན་ རང་ལུས་མེར་བསྲེག་གཏོང་བའི་བྱ་སྤྱོད་ནི་ཅི་བྱ་གཏོལ་བྲལ་གྱི་བྱ་སྤྱོད་ཅིག་རེད་ བོད་མི་ཚོའི་འདི་ལྟ་བུའི་རང་ལུས་མེར་བསྲེག་གཏོང་བ་དེ་ བོད་མི་རྣམས་འ་ཆད་འུ་ཐུག་གི་གནས་སུ་ལྷུང་བ་མཚོན་གྱི་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་བཞག་ བཀའ་ཁྲི་མཆོག་གིས་ སྔ་དྲོ་ཨོས་ཀྲེ་རི་ལིའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་དང་མཇལ་འཕྲད་གྲུབ་རྗེས་ ཕྱེད་ཡོལ་དུ་རྒྱ་རིགས་མཁས་དབང་ཁག་ཅིག་དང་ལྷན་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་གཙུག་ལག་སློབ་གཉེར་ཁང་དུ་བགྲོ་གླེང་གནང་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག་༎