རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་འདྲ་མིན་གྱི་ཚོགས་མི་ཁག་ཅིག་གིས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་འདུག
ཉེ་ལམ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་(Bharat Tibbat Sangh)་རྒྱ་གར་རྒྱལ་ཡོངས་ཀྱི་བོད་དོན་རྒྱབ་སྐྱོར་བ་འདྲ་མིན་ཁག་ཅིག་ལ། བཞུགས་སྒར་ཕོ་བྲང་དུ་སྤྱི་ཟླ་༩པའི་ཚེས་༢༢ཉིན་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་མཇལ་ཁ་བསྩལ་ཡོད་པ་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་(Bharat Tibbat Sangh)་ཚོགས་གཙོ་(Saurabh Saraswat)་ལགས་ཀྱིས། ང་ཚོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་མཇལ་ཁ་ཐོབ་ཏེ་སེམས་ཤུགས་གསར་པ་ཞིག་སྐྱེས་པ་མ་ཟད། སེམས་ཤུགས་དང་ཀུན་སློང་འདི་ལ་བརྟེན་ནས་ང་ཚོས་རྒྱ་གར་ནང་བོད་དོན་ཆེད་ལས་ཀ་དང་བོད་དོན་ཁྱབ་སྤེལ་གཏོང་རྒྱུ་དང་། གཞི་རྩ་ང་ཚོའི་ཚོགས་པའི་འཐུས་ཚབ་རྣམ་པ་ད་ལན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱག་ལས་གནང་སྟངས་ལ་རྒྱུས་ལོན་ཆེད་ཡོང་སྟེ། གྲོས་ཚོགས་ཀྱི་ལས་རིམ་ལ་བཅར་བ་དང་སྲིད་སྐྱོད་སྤེན་པ་ཚེ་རིང་ལ་ཐུག་འཕྲད་ཐུབ་པ་བརྒྱུད། བོད་དང་བོད་ཀྱི་རིག་གཞུང་ལ་རྒྱུས་ལོན་ཡག་པོ་བྱུང་བ་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་རྒྱ་གར་གྱི་རཱཛི་སི་ཏན་མངའ་སྡེ་ནས་ཡིན་པ་བོད་དོན་རྒྱབ་སྐྱོར་བ་(Om Prakash Tripathi)་ལགས་ནས་ཀྱང་། ཁོ་རང་༧གོང་ས་མཆོག་ལ་དངོས་སུ་མཇལ་ནས་ཕྱག་བཏང་རྒྱུ་བྱུང་བར་སེམས་འགུལ་ཆེན་པོ་ཐེབས་པ་དང་། རྩ་བའི་ཁོ་ཚོ་འདི་གར་༧གོང་ས་མཆོག་གི་བྱིན་རླབས་ཐོབ་པ་དང་། སྤྱི་འཐུས་གྲོས་ཚོགས་ཀྱི་ལས་རིམ་ལ་བཅར་རྒྱུ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་གཟིགས་སྐོར་བཅས་ཀྱི་ཆེད་ཡོང་བ་ཆ་ཚང་ལེགས་པར་གྲུབ་སོང་། ཁོ་ཚོའི་ཚོགས་པའི་ངོས་ནས་རྒྱ་གར་གཞུང་གིས་བཙན་བྱོལ་ཟེར་བའི་ཚིག་དེ་བཏོན་ནས། བོད་མིའི་སྒྲིག་འཛུགས་འདི་བོད་གཞུང་ངོ་མ་ཞིག་ཏུ་ཆབ་སྲིད་ཀྱི་ཐོག་ནས་ངོས་འཛིན་གནང་ཐུབ་ན། ནང་པའི་རྒྱལ་ཁབ་གཞན་མང་པོས་བོད་དོན་རྒྱབ་སྐྱོར་ཡོང་བར་ཕན་ཐོགས་འབྱུང་གི་རེད་ཅེས་འགྲེལ་བརྗོད་གནང་སོང་།
རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་(Bharat Tibbat Sangh)་ནི་སྤྱི་ལོ་༢༠༢༡ལོར་རྒྱ་གར་ནང་གསར་དུ་བཙུགས་པ་ཞིག་དང་། ཁོ་ཚོའི་ཚོགས་པས་རོགས་པ་བྱས་ཏེ་བར་ལམ་རཛི་སི་ཏན་མངའ་སྡེ་རུ་བོད་མི་སུད་ཚོང་བ་༢༦༠ལ་གཏན་འཇགས་སུད་ཚོང་གི་ས་ཆ་རག་ཐུབ་པ་བྱུང་ཡོད་ཅིང་། ཚོགས་པ་དེའི་རྒྱལ་ཡོངས་མཚན་འཛིན་ཚོགས་གཙོ་ནི་རྒྱ་གར་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཟུར་པ་(Gyan Sudha Mishra)་ལགས་དང་། ཚོགས་གཙོ་གཞོན་པ་རྒྱ་གར་གྱི་དམག་སྤྱི་ཟུར་པ་(Nilendra Kumar)་ལགས་བཅས་ཡིན་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།