ལྷ་མོ་སྒྲོལ་མ་ཉེན་རྟོག་པས་ཁྲིད་རྗེས་གནས་སྟངས་ཁ་གསལ་མེད་པར་ལུས་འདུག

2018-04-12
གློག་འཕྲིན།
མཆན།
Share
པར་བཀོད།
ལྷ་མོ་སྒྲོལ་མ་སོགས་གནས་སྐོར་བསྐྱོད་བཞིན་པ། ༢༠༡༨
ལྷ་མོ་སྒྲོལ་མ་སོགས་གནས་སྐོར་བསྐྱོད་བཞིན་པ། ༢༠༡༨
དྲ་བཤུས། བང་ཆེན།

མདོ་སྨད་འབོ་ར་ནས་ཡིན་པའི་བུད་མེད་ལྷ་མོ་སྒྲོལ་མ་ལགས་ལྷ་སར་གནས་མཇལ་དུ་ཕེབས་པའི་ལམ་བར་རྒྱ་ནག་གསང་བའི་ལས་ཁུངས་ཀྱི་བདེ་སྲུང་མི་སྣས་འཛིན་བཟུང་བྱས་འདུག
དེ་ཡང་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་གི་འབོ་ར་ཡུལ་ཚོ་ནས་ཡིན་པ་ལོ་གྲངས་༦༠ལྷག་ཙམ་ལ་སླེབས་པའི་ལྷ་མོ་སྒྲོལ་མ་ལགས་སྤྱི་ཟླ་༣པའི་ཚེས་༢༨ཉིན་ཁོང་གི་སྤུན་མཆེད་འགའ་ཤས་དང་མཉམ་དུ། ལྷ་སར་རྐང་ཐང་གནས་སྐོར་ལ་བསྐྱོད་ཆེད་ཕ་ཡུལ་ནས་ཐོན་ཏེ་བདུན་ཕྲག་གཅིག་ཙམ་གྱི་རྗེས་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དར་ལག་རྫོང་དུ་འབྱོར་མཚམས་དམག་ཆས་མ་གྱོན་པའི་རྒྱ་ནག་གཞུང་གི་བདེ་སྲུང་མི་སྣས་ལྷ་མོ་སྒྲོལ་མར་སྐད་ཆ་བཤད་དགོས་ཡོད་ཅེས་ཟུར་དུ་བཙན་འཁྲིད་བྱས་འདུག་ལ་དེ་ནས་བཟུང་ད་བར་ལྷ་མོ་སྒྲོལ་མ་ལགས་གར་འཁྲིད་གར་སོང་གསལ་ཆ་མེད་པར་ལུས་ཡོད་པ་འབྲེལ་ཡོད་བོད་མི་ཞིག་གིས་རྡ་རམ་ས་ལར་བཞུགས་པ་སྤྱི་འཐུས་ངག་དབང་ཐར་པ་ལགས་སུ་ངོ་སྤྲོད་བྱུང་བ་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད།
གནས་ཚུལ་འབྱུང་ཁུངས་ཀྱིས་བརྗོད་པར་གཞིགས་ན།  རྒྱ་ནག་གཞུང་གི་བདེ་སྲུང་མི་སྣས་ལྷ་མོ་སྒྲོལ་མ་ལགས་ཀྱི་སྤུན་མཆེད་དང་རོགས་པ་ཚོར་གལ་ཏེ་ལྷ་མོ་སྒྲོལ་མའི་སྐོར་གྱི་གནས་ཚུལ་ཕྱིར་བསྒྲགས་བྱས་པ་ཡིན་ན་ཁོང་ཚོར་ཡང་ཉེན་ཁ་ཡོད་པའི་འཇིགས་སྐུལ་ཉེན་བརྡ་བཏང་འདུག
༢༠༡༢ལོར་ལྷ་མོ་སྒྲོལ་མ་ལགས་ཀྱི་སྤུན་མཆེད་དགེ་འདུན་པ་སངས་རྒྱས་རྒྱ་མཚོ་ལགས་ཞུ་བ་ཞིག་གིས་འབོ་ར་ཡུལ་ཚོའི་ཁྲོམ་གཞུང་དུ་བོད་ལ་རང་དབང་དགོས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་ཕེབས་སུ་འཇུག་དགོས་ཞེས་ཞི་བའི་སྐད་འབོད་
གནང་བར་འཛིན་བཟུང་བཙོན་འཇུག་སྐབས་ལྷ་མོ་སྒྲོལ་མ་ལགས་ཀྱིས་སངས་རྒྱས་རྒྱ་མཚོ་ལགས་སུ་བཙོན་ཁང་ནང་ཞལ་ལག་ཕུལ་བར་ཕེབས་པ་ནས་བཟུང་། རྒྱ་གཞུང་གིས་ལྷ་མོ་སྒྲོལ་མ་ལགས་ཀྱི་ཐོག་དམ་བསྒྲགས་བྱེད་འགོ་བཙུགས་ནས་ཆབ་སྲིད་ཀྱི་དོགས་གཞིའི་འོག་ཁོང་གི་འགྲོ་སྡོད་རང་དབང་མེད་པ་བཟོས་ཡོད་པ་འགྲེོལ་བརྗོད་བྱེད་བཞིན་ཡོད་ལ།  ཁོང་བླ་བྲང་བཀྲིས་འཁྱིལ་ལྟ་བུར་གཉེན་འཕྲད་དུ་བསྐྱོད་པའི་སྐབས་སུ་འང་འབྲེལ་ཡོད་ས་གནས་རྒྱ་གཞུང་ལས་ཁུངས་ནས་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་ཡོད་འདུག
གནས་ཚུལ་མཁོ་སྤྲོད་པས་གསུངས་ན་ལྷ་མོ་སྒྲོལ་མ་ལགས་ནི་ཆབ་སྲིད་དང་སློབ་སྦྱོང་སོགས་ཀྱི་གོ་རྟོགས་གང་ཡང་མེད་པའི་བུད་མེད་དཀྱུས་མ་ཞིག་རེད་འདུག།

གསར་འགོད་པ་བློ་བྷེ་དང་། རིག་ལྡན་སྒྲོལ་མ།

མཆན། (0)
Share
དྲ་གནས་ཆ་ཚང༌།