རྒྱ་གར་གཞུང་གིས་འཕགས་བོད་ས་མཚམས་ཁུལ་དུ་གྲོང་གསེབ་གསར་རྒྱག་བྱ་འཆར།

2021-03-05
Share
རྒྱ་གར་གཞུང་གིས་འཕགས་བོད་ས་མཚམས་ཁུལ་དུ་གྲོང་གསེབ་གསར་རྒྱག་བྱ་འཆར། རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་འཕགས་བོད་ས་མཚམས་འབུམ་ལ(Bumla) 2009
Reuters

རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེ་གཞུང་གིས་འཕགས་བོད་ས་མཚམས་ཁུལ་ཚོད་ལྟའི་རང་བཞིན་གྱི་གྲོང་གསེབ་གསུམ་གསར་རྒྱག་བྱེད་འཆར་ཡོད་འདུག
རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེ་(Arunachal Pradesh)གཞུང་གིས་འཕགས་བོད་ས་མཚམས་ཁུལ་ཚོད་ལྟའི་རང་བཞིན་གྱི་གྲོང་གསེབ་གསུམ་གསར་རྒྱག་བྱེད་འཆར་ཡོད་འདུག
རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་(Arunachal Pradesh)མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་སྐུ་ཞབས་ཆོའོ་ན་མིཡན་(Chowna Mein)ལགས་ཀྱིས་མངའ་སྡེའི་གྲོས་ཚོགས་ནང་ཕྱི་ལོ་༢༠༢༡དང་༢༠༢༢་ལོའི་སྔོན་རྩིས་གསལ་བསྒྲགས་གནང་སྐབས། མངའ་སྡེ་གཞུང་གི་ངོས་ནས་འཕགས་བོད་གཉིས་ཀྱི་ས་མཚམས་ཁུལ་དུ་དཔེ་མཚོན་གྲོང་གསེབ་གསུམ་གསར་རྒྱག་གནང་རྒྱུ་ཡིན་པ་དང་། དེ་ཡང་མངའ་སྡེའི་ཤར་ཕྱོགས་དང་དབུས། དེ་བཞིན་ནུབ་ཕྱོགས་ས་མཚམས་ཁུལ་གསར་རྒྱག་ཆེད་སྔོན་རྩིས་ནང་ཧིན་སྒོར་ས་ཡ་གསུམ་བརྒྱ་༣༠༠ཟུར་འཇོག་གནང་ཡོད་པ་གསུངས་ཡོད་པ་རེད། ཕྱི་ལོ་༢༠༢༡་དང་༢༠༢༢་ལོའི་མངའ་སྡེའི་ཁྱོན་ཡོངས་ཀྱི་འགྲོ་གྲོན་ཆེད་རྒྱ་གར་སྒོར་མོ་ཐེར་འབུམ་ལྔ་དང་ས་ཡ་བདུན་བརྒྱ་བརྒྱད་ཅུ་གྱ་ལྔའི་སྔོན་རྩིས་གྲོས་ཚོགས་སུ་འཆར་འབུལ་ཞུས་འདུག
ས་མཚམས་ཁུལ་གྲོང་གསེབ་གསར་རྒྱག་གི་ལས་འཆར་འདི་ཚོད་ལྟའི་རང་བཞིན་ཡིན་ན་ཡང་། རིམ་པས་གྲོང་གསེབ་གཞན་ཁག་གི་ནང་ཡང་ལས་གཞི་དེ་རྒྱ་བསྐྱེད་བྱེད་རྒྱུ་ཡིན་འདུག་ཅིང་། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་མིཡན་ལགས་ཀྱིས་གྲོང་གསེབ་གསར་རྒྱག་གི་ལས་གཞི་འདི་དག་གིས་ས་མཚམས་ཁུལ་དུ་ཕྱིའི་རྒྱལ་ཁབ་ཀྱིས་བྱ་སྤྱོད་ངན་པ་སྤེལ་རིགས་ལ་མི་དམངས་ཀྱི་ངོས་ནས་དོ་སྣང་བྱེད་རྒྱུར་འགག་རྩའི་རང་བཞིན་ཆགས་རྒྱུ་ཡིན་པ་གསུངས་ཡོད་པ་རེད།
སྤྱི་ཁྱབ་བློན་ཆེན་གཞོན་པ་ཆོའོ་ན་མིཡན་(Chowna Mein)ལགས་ཀྱིས། གྲོང་གསེབ་གསར་རྒྱག་གི་ལས་གཞི་ཁག་ས་ཁུལ་མི་དམངས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་གྱི་དགོས་མཁོ་ཡ་མ་བྲལ་བའི་ཐོག་ནས་སྒྲུབ་ཐབས་གཙོ་བཟུང་བྱེད་རྒྱུ་ཡིན་པ་གསུངས་ཡོད་ལ། རྒྱ་གར་གྱི་སྲིད་བློན་ན་རན་དྷ་ར་མོ་དྷིས་དབུ་ཁྲིད་པའི་གཞུང་འཛིན་འོག་མངའ་སྡེའི་ས་ཁུལ་ཁག་ནང་འགྲོ་ལམ་འཛུགས་བསྐྲུན་དང་ཆུ་གློག་མཁོ་སྤྲོད་ཐུབ་པ། དེ་བཞིན་ཤེས་ཡོན་དང་འཕྲོད་བསྟེན་གྱི་ལས་གཞི་ཁག་གི་ཐོག་མངོན་ཐུབ་པའི་ཡར་རྒྱས་བྱུང་ཡོད་པ་གསུངས་འདུག
བོད་ལྷོ་ཕྱོགས་དང་ས་འབྲེལ་འཁེལ་བའི་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་ནང་བོད་རྒྱུད་ནང་བསྟན་ཉམས་ལེན་བྱེད་མཁན་དང་བོད་ཡིག་ལོངས་སུ་སྤྱོད་མཁན་གྱི་མི་འབོར་ཆེན་པོ་ཡོད་སའི་ས་ཁུལ་ཞིག་ཡིན་ལ། རྒྱ་གར་དང་རྒྱ་ནག་དབར་གྱི་ས་མཚམས་ཀྱི་རྩོད་གཞིའི་གནད་དོན་ཆེ་ཤོས་ཡོད་ས་དེ་ཡང་ཡིན་པ་རེད།
རྒྱ་ནག་གི་ངོས་ནས་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་ས་ཁུལ་ཁག་གཅིག་ལ་བོད་ལྷོ་ཕྱོགས་ཞེས་འབོད་ཅིང་། རྒྱ་གར་འཛིན་སྐྱོང་འོག་ཡོད་པའི་ས་ཁུལ་དེ་དག་རྒྱ་ནག་ལ་བདག་ཐོབ་ཡོད་པ་བརྗོད་བཞིན་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།