ཨཕ་ག་ནིསི་ཐན་དུ་སྟོན་པའི་སྐུ་བརྙན་ཉམས་གསོ།
2012.06.23
༄༅༎ཨཕ་ག་ནིསི་ཐན་ནང་དེ་སྔ་ཏྭ་ལི་སྦན་དྲག་སྤྱོད་པས་གཏོར་བཤིག་བཏང་བའི་སྟོན་པ་ཤཀྱ་ཐུབ་པའི་སྐུ་བརྙན་དེ། ཕྱི་རྒྱལ་གྱི་ཆེད་ལས་མཁས་པ་ཁག་ཅིག་གིས་ཉམས་གསོ་བྱེད་ཀྱི་ཡོད་འདུག དེ་ཡང་ཨཕ་ག་ནིསི་ཐན་གྱི་སཱ་ལྦཏ་ལུང་བཤོངས་ཟེར་བའི་ནང༌། དེ་སྔ་དུས་རབས་དྲུག་པའམ་བདུན་པ་ཙམ་གྱི་ནང་བྲག་རིའི་རྡེབ་ཏུ་བཞེངས་པའི་སྟོན་པ་ཤཀྱ་ཐུབ་པའི་སྐུ་བརྙན་ཤིན་ཏུ་ཆེན་པོ་ཞིག་ཡོད་པ་དེ། ཕྱི་ལོ་ ༢༠༠༡ ནང་ཏྭ་ལི་སྦན་དྲག་སྤྱོད་པས་འབར་རྫས་ཀྱི་གཏོར་བཤིག་བཏང་བའི་ཐབས་སྡུག་གི་གནས་ཚུལ་ཞིག་བྱུང་ཡོད་པ་དེ་ལྟར་ཡང༌། སྐབས་དེར་གཏོར་བཤིག་བཏང་བའི་སྟོན་པའི་སྐུ་བརྙན་དེ་ནི། འཛམ་གླིང་ཁྱོན་ཡོངས་སུ་གནའ་བོའི་རིག་སྩལ་ཤིན་ཏུ་ཁྱད་པར་ཅན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་ལྟར། རིག་སྩལ་མཁས་པ་མང་པོས་སྐུ་བརྙན་དེ་ཉམས་གསོ་བྱེད་ཐུབ་པའི་འབད་བརྩོན་བྱས་ཡོད་ཀྱང༌། ཡུལ་ནང་བདེ་འཇགས་ཀྱི་གནས་སྟངས་ཡག་པོ་མེད་པའི་རྐྱེན་གྱིས་ད་བར་དེ་ལྟར་བྱེད་ཐུབ་མེད་པ་རེད། འོན་ཀྱང་ད་ཆ་གནས་སྟངས་ཕྲན་བུའི་ཡར་རྒྱས་ཕྱིན་ཡོད་པར་བརྟེན། ཟླ་བ་འདིའི་ནང་ཨི་ཊ་ལིའི་རིག་སྩལ་མཁས་པ་སྐུ་ཞབས་ལུ་ཀ་ཨོ་ལི་ལྦིཡེ་རི་དང་ཁོང་གི་ཕྱག་རོགས་རྣམ་པས་ དེ་སྔ་ཏྭ་ལི་སྦན་དྲག་སྤྱོད་པས་གཏོར་བཤིག་བཏང་བའི་སྟོན་པའི་སྐུ་བརྙན་དེར་ཉམས་གསོ་ཞུ་རྒྱུའི་ལས་ཀ་འགོ་འཛུགས་གནང་ཡོད་འདུག་པ་དང༌། འོན་ཀྱང་སྐུ་ཞབས་ཨོ་ལི་ལྦིཡེ་རི་ཡིས་གསུངས་བར་བྱས་ན། ཉམས་གསོའི་ལས་དོན་ནང༌། དེ་སྔ་འབར་རྫས་ཀྱིས་གཏོར་བཤིག་བཏང་བའི་རྗེས་སུ་སྐུ་བརྙན་གྱི་ཆ་ཤས་ག་རེ་ལྷག་པ་རྣམས་མུ་མཐུད་ཉམས་ཉེས་མི་འགྲོ་བའི་ཐབས་ཤེས་བྱ་རྒྱུ་ལས། སྐུ་བརྙན་ཆ་ཚང་དེ་སྔ་གཏོར་བཤིག་མ་བཏང་བའི་སྔོན་ལྟར་ཉམས་གསོ་ཡོང་རྒྱུ་ཁག་པོ་ཡིན་པ་ནི། དེ་སྔའི་སྐུ་བརྙན་དེ་གང་འདྲ་ཞིག་ཡོད་པ་དཔར་རིས་དང་། བརྙན་དཔར། དེ་བཞིན་ཡིག་ཐོག་ཏུ་ཞིབ་ཕྲའི་འགྲེལ་བཤད་སོགས་གང་ཡང་མེད་སྟབས། གལ་སྲིད་གཞི་བཅོལ་བྱེད་ས་གང་ཡང་མེད་པར་གང་བྱུང་ཉམས་གསོ་བྱས་པ་ཡིན་ན། སྐུ་བརྙན་དེ་སྔོན་མ་གང་འདྲ་ཡོད་པ་ནང་བཞིན་ཆགས་ཀྱི་མ་རེད་ཅེས་འགྲེལ་བརྗོད་གནང་འདུག།