རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་པའི་དགོན་པ་ཞིག་སྒོ་རྒྱག་དགོས་བ་དང་གྲྭ་བཙུན་རྣམས་སྐྱ་འབབ་དགོས་པའི་བཙན་བཀའ་བཏང་།

2021.08.02
རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་པའི་དགོན་པ་ཞིག་སྒོ་རྒྱག་དགོས་བ་དང་གྲྭ་བཙུན་རྣམས་སྐྱ་འབབ་དགོས་པའི་བཙན་བཀའ་བཏང་། ཀན་སུའུ་ཕྱོགས་སུ་ཡོད་པའི་ཧོན་ཁྲིན་(红城寺)་དགོན་པ། ༧།༢༠༢༡
དྲ་བཤུས/ RFA

རྒྱ་ནག་གཞུང་གིས་ཀན་སུའུ་ཞིང་ཆེན་ནང་ཡོད་པའི་བོད་བརྒྱུད་ནང་པའི་ས་སྐྱ་པའི་དགོན་པ་ཞིག་སྒོ་རྒྱག་དགོས་བ་དང་གྲྭ་བཙུན་རྣམས་སྐྱ་འབབ་དགོས་པའི་བཙན་བཀའ་བཏང་ཡོད་འདུག
དེ་ཡང་སྤྱི་ཚོགས་དྲ་ལམ་དང་དེ་བཞིན་པེ་ཅིང་དུ་ཡོད་པའི་བོད་ཀྱི་བུད་མེད་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་(Tweeter)་དྲ་རྒྱའི་ཐོག་གནས་ཚུལ་བཀོད་སྤེལ་གནང་བ་སོགས་ལ་གཞིགས་ན། བཙན་བཀའ་གཏོང་ཡུལ་ཧོན་ཁྲིན་(红城寺)་དགོན་པ་ནི་ཀན་སུའུ་ཞིང་ཆེན་ཉིང་ཤཱ་ཀྲའོ་ཡུང་ཅིན་རྫོང་ཤིས་ཧོ་གྲོང་བརྡལ་དུ་ཡོད་པ་རེད་འདུག
བརྙན་ཐུང་ཞིག་རྒྱ་ཡིག་གི་དྲ་རྒྱ་དང་སྤྱི་ཚོགས་དྲ་ལམ་དུ་ཁྱབ་བཞིན་པའི་ནང་། དགོན་པ་དེའི་གྲྭ་བཙུན་རྣམས་ཀྱིས་ངུ་འབོད་བྱས་ནས་རྒྱ་ནག་གི་ལས་བྱེད་མི་སྣ་ཚོར་ཞུ་འབོད་བྱེད་བཞིན་པ་དང་། ད་དུང་ཁོང་ཚོས་འཕྱར་བའི་འཕྲེད་དར་ཞིག་གི་ཐོག་དགེ་འདུན་པ་བཙན་དབང་གིས་ཕྱིར་ཕུད་དང་སྐྱ་སར་འབབ་དགོས་ཟེར་བ་ནི་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བ་རེད་ཅེས་བཀོད་ཡོད་པ་གསལ་བོར་མཐོང་རྒྱུ་འདུག

甘肃红城寺 (2).jpg
དེའི་ཐད་འདི་ག་རླུང་འཕྲིན་ཁང་ནས་དགོན་པ་དེར་ཁ་པར་བཏང་ནས་གནས་ཚུལ་འདྲི་རྩད་བྱེད་ཐབས་བྱས་ཀྱང་ཁ་པར་མཐུད་ཐུབ་མ་སོང་།
ཐེ་ཝན་སྐུ་ཚབ་དོན་གཅོད་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཞིབ་འཇུག་བྱས་བ་འདི་ག་རླུང་འཕྲིན་ཁང་ལ་གསུངས་ན། དགོན་པ་ཆགས་སའི་ས་གནས་དེའི་ནང་བོད་མི་ག་ཚོད་ཙམ་ཡོད་མིན་གསལ་པོ་ཤེས་རྟོགས་མེད་ཀྱང་དགེ་སྲུང་རིན་པོ་ཆེ་ཞུ་བ་ཞིག་ཡོད་པ་དང་། སྤྱི་ལོ་༢༠༠༦་ཙམ་ལ་ས་གནས་མི་མང་གིས་དགེ་སྲུང་རིན་པོ་ཆེ་གདན་ཞུ་གནང་སྟེ་རིན་པོ་ཆེས་དབུ་ཁྲིད་འོག་དགོན་པ་དེ་བསྐྱར་གསོ་གནང་ཡོད་པའི་ལོ་རྒྱུས་ཞིག་འདུག་ལ། ཡང་དེའི་ནང་ལོ་རྒྱུས་མི་འདྲ་བ་ཁག་གཉིས་བཤད་སྲོལ་ཡོད་པ་ནི། སྤྱི་ལོ་༢༠༠༦་ནས་༢༠༠༩་ནང་དགོན་པ་དེ་བསྐྱར་གསོ་གནང་བ་དང་། ཡང་སྤྱི་ལོ་༢༠༡༡་ནས་༢༠༡༦་བར་དགོན་པ་བསྐྱར་གསོ་གནང་བ་ལོ་རྒྱུས་མི་འདྲ་བ་ཁག་གཉིས་ཙམ་འདུག གང་ལྟར་ཕྱིས་སུ་དགོན་པ་དེ་བསྐྱར་གསོ་གནང་སྟེ་ད་ལྟའི་ཆར་དགོན་པ་དེའི་ནང་གྲྭ་བཙུན་སུམ་བརྒྱ་ཙམ་ཡོད་ཚོད་འདུག་ཅེས་དང་། བརྙན་ཐུང་ནང་གི་སྒྲ་ལ་ཉན་སྐབས་དགོན་པའི་གཡས་གཡོན་གྱི་མི་ཚོས་སྙིང་རྗེ། དགོན་པ་དེའི་གྲྭ་བཙུན་ཚོ་སྐྱ་སར་བབས་སུ་འཇུག་གི་འདུག་ཅེས་བརྗོད་བཞིན་པ་གོ་ཐུབ་པ་འགྲེལ་བརྗོད་གནང་བྱུང་།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་དགེ་སྲུང་རིན་པོ་ཆེ་ཞུ་བ་གང་ནས་ཡིན་མིན་དང་། ད་ལྟ་གང་དུ་བཞུགས་མིན། མ་དགོན་གང་ནས་ཡིན་མིན་སོགས་ཞིབ་ཕྲའི་གནས་ཚུལ་ད་བར་རྒྱུས་ལོན་ཐུབ་མ་སོང་།

གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
མེ་ཊ་ཡིས་ངོ་དེབ་ཀྱི་ནང་དོན་ལ་ཚོད་འཛིན་གྱིས་རྒྱ་ནག་གི་མངོན་འདོད་གྲུབ་བཞིན་ཡོད་པ། མེ་ཊའི་ལས་ཟུར་ཞིག་གིས་ཨ་རིའི་གྲོས་ཚོགས་སུ་རྭ་སྤྲོད་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་གྲོངས་བ་དང་འབྲེལ་ཁོང་གི་པར་རིས་སྤྱི་ཚོགས་དྲ་ལམ་དུ་སྤེལ་སྐོར་ཡུལ་མི་མང་པོར་འདྲི་རྩད་འབོད་འགུག་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎