ཁ་མཆུ་ཨང་༢༠་པ་མ་ཉེས་ཁ་གཡོག་གི་གྱོད་དོན་ཐད་ཞིབ་གཅོད་ཉན་ཞིབ་ཐེངས་གཉིས་པ་གནང་འདུག
2019.07.18
བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁ་མཆུ་ཨང་༢༠་པའི་གྱོད་དོན་ཐད་ཞིབ་གཅོད་ཉན་ཞིབ་ཐེངས་གཉིས་པ་གནང་འདུག
ཕྱི་ལོ་༢༠༡༩ ་ལོའི་ཟླ་༧ ཚེས་༡༨་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་ལེའུ་བདུན་པ་གཞིར་བཟུང་། ཁ་མཆུ་ཨང་༢༠ ་པ་མ་ཉེས་ཁ་གཡོག་གི་གྱོད་དོན་ཐད། ཞིབ་གཅོད་ཉན་ཞིབ་ཐེངས་གཉིས་པ་གནང་ཞིང་། སྐབས་དེར་དངོས་དོན་བརྒྱད་དང་ཁྲིམས་དོན་གཉིས་པའི་ཁོངས་ནས་དངོས་དོན་གཉིས་པ་དང་གསུམ་པའི་ཞིབ་གཅོད་ཉན་ཞིབ་སྐབས། དངོས་དོན་གཉིས་པ་ཞུ་སྦྱོར་བའི་ཞུ་རྩ་༤་༥ བཀའ་ཤག་གིས་གསལ་བཤད་དོན་ཚན་བཅུ་ཅན་དེའི་དོན་ཚན་བཞི་པར། ཕྱི་ཟླ་བཞི་པའི་ནང་དོལ་རྒྱལ་རྗེས་འབྲངས་པས་རྒྱ་ནག་གི་སྲིད་འཛིན་ཞི་ཇིན་པིང་ལ་དགའ་བསུ་ཞུས་པའི་གནས་ཚུལ་དང་། ཕྱི་ཟླ་དྲུག་པའི་ནང་༧གོང་ས་མཆོག་གི་ཆིབས་བསྒྱུར་དང་འབྲེལ་བ་གང་ཡང་མེད་པ་མ་ཟད། སྙན་སེང་དགོས་པའི་ལམ་སྟོན་ཡང་མེད་པ་བཅས་ལ་བརྟེན་ནས་སྐྱོན་འཛུགས་དེར་ངོས་ལེན་མེད་ཅེས་པར། རྩོད་ལན་པའི་ཁྲིམས་རྩོད་པ་བློ་བཟང་གྲགས་པ་ལགས་ནས། དོན་ཟུར་སྤེན་པ་ཚེ་རིང་ལགས་ནས་བཀའ་ཤག་ལ་ཕུལ་བའི་ཕྱག་བྲིས་ནང་མ་འོངས་པར་ལྷོད་ཡངས་མ་འགྲོ་བ་ཞུ་ཆོག་ཞུས་ཡོད་སྟབས་ཞུ་སྦྱོར་བས་ཁས་ལེན་ཞུས་པ་ཞིག་ཆགས་ཡོད་ཅེས་གསལ་བཤད་གནང་སོང་ལ། དེར་ཞུ་སྦྱོར་བ་སྤེན་པ་ཚེ་རིང་ལགས་ཀྱིས་ཨ་རིའི་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་བསྒྱུར་ལེགས་འགྲུབ་ཟིན་པ་བཀའ་ཤག་ནས་ངོས་ལེན་གནང་ཟིན་པ་ཞིག་ཡིན་སྟབས། རྗེས་སུ་ཆིབས་བསྒྱུར་ལ་འབྲེལ་བ་བཏགས་པ་དེ་ངོས་ལན་ཞུ་ཐབས་མེད་ཞེས་དགག་ལན་གནང་ཡོད་པ་རེད།
ཡང་དངོས་དོན་གསུམ་པ་དང་ཞུ་སྦྱོར་བའི་ཞུ་རྩ་༤་༦ ནང་ཨ་རིའི་གྲོས་ཚོགས་གོང་འོག་གི་ཚོགས་གཙོ་ཚོགས་གཞོན་དང་། ཕྱི་འབྲེལ་ཚོགས་ཆུང་གི་ཚོགས་གཙོ་དང་མཇལ་འཕྲད་བཟོ་མ་ཐུབ་པ་ཞེས་པ་དེར་ངོས་ལེན་ཞུ་ཐབས་མེད་ཞེས་པར། རྩོད་ལན་པས་ཁུངས་སྐྱེལ་བྱེད་སྐབས། སྲིད་སྐྱོང་མཆོག་གིས་ཞལ་པར་ཐོག་བཀོད་མངགས་གནང་ཡོད་པའི་སྐོར་གསལ་བཤད་གནང་སོང་བ་དེ་ལ། རྩོད་ལན་པས་དགག་པར། ཨ་རིའི་མི་སྣ་མཇལ་འཕྲད་སྐོར་གློག་འཕྲིན་བརྒྱུད་འབྲེལ་བ་ཞུས་པའི་བཀའ་ལན་དུ་ཤེས་རྟོགས་བྱུང་བར་དགའ་པོ་བྱུང་ཞེས་འཁོད་ཡོད་སྟབས་འགྲིག་པར་ངོས་འཛིན་ཞུས་པ་ཡིན་ཞེས་གསལ་བཤད་གནང་ཡོད་པ་རེད།
ཞིབ་དཔྱོད་ཀྱི་ཉན་ཞིབ་གྲོལ་རྗེས་གྱོད་ཡ་སོ་སོར་གསར་འགོད་པ་ཚོས་ཉན་ཞིབ་དང་འབྲེལ་བའི་བཅར་འདྲི་བྱས་སྐབས། ཞུ་སྦྱོར་བ་དོན་གཅོད་ཟུར་བ་སྤེན་པ་ཚེ་རིང་ལགས་ཀྱིས། བཀའ་ཤག་གི་ཁྲིམས་རྩོད་པས་མང་ཚོགས་ཁྲོད་གནད་དོན་གང་དང་འབྲེལ་བ་ཡོད་མེད་དང་། བཀའ་ཤག་གིས་དྲང་པོ་བྱས་ཟིན་པ་སོགས་མང་པོ་ཞིག་བརྗོད་བཞིན་པ་ནི་ཏག་ཏག་མ་རེད། གཙོ་བོ་དོན་ཚན་བཅུ་དེ་ལ་འབྲེལ་བ་ཆགས་བསྡད་ཡོད་པ་རེད་ཅེས་སོགས་བརྗོད་སོང་ལ། བཀའ་ཤག་གི་ཁྲིམས་རྩོད་པས་གསར་འགོད་པ་ཚོར། དོན་གཅོད་ཟུར་པས་དེ་སྔ་ཨ་རིའི་གྲོས་ཚོགས་ཀྱི་གྲོས་ཚོགས་འཐུས་མི་གསར་པ་གཅིག་ཀྱང་ཐུག་འཕྲད་ཀྱི་དུས་ཚོད་བཟོ་ཐུབ་མེད་པ་སོགས་གསལ་བཤད་གནང་ཡོད་པ་རེད།
ཉན་ཞིབ་རྗེས་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་ནས་ཞིབ་གཅོད་གསུམ་པའི་དུས་ཚོད་རྗེས་སུ་གསལ་བསྒྲགས་གནང་རྒྱུ་ཡིན་པ་གསུངས་ཡོད་པ་རེད།