རྒྱ་ནག་གི་ཚོགས་ཆེན་གཉིས་རིང་དྲྭ་རྒྱའི་བརྒྱུད་ལམ་ཁག་ལ་དམ་དྲག་ནན་པོ་བྱས་ཡོད་པ་རེད་འདུག
དེ་ཡང་རྒྱ་ནག་གཞུང་གིས། ཉེ་ལམ་པེ་ཅིང་དུ་ཚོགས་པའི་རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་དང་རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཟེར་བའི་ཚོགས་ཆེན་གལ་ཆེན་དེ་གཉིས་ཀྱི་རིང་ལ་གློག་ཀླད་རྩིས་འཁོར་ནང་གི་གཉེན་ཆས་(Sofgware)་ཟེར་བ་བཀག་འགོག་གི་བྱ་ཐབས་ནན་པོ་ལག་བསྟར་བྱས་ཏེ། རྒྱ་ནག་ནང་དྲྭ་རྒྱ་བེད་སྤྱོད་གཏོང་མཁན་ཚོར་དྲྭ་རྒྱ་བལྟ་ཀློག་མི་ཐུབ་པ་བཟོས་ཡོད་པ་དང་། རྒྱ་ནག་གཞུང་ནི་འཛམ་གླིང་ནང་ནས་དྲྭ་རྒྱའི་ཐོག་ལ་དམ་དྲག་ཆེན་པོ་བྱེད་མཁན་གྱི་རྒྱལ་ཁབ་ཁག་ཅིག་ནང་ནས་གཅིག་ཡིན་པ། ད་རེས་རྒྱ་ནག་ནང་དུ་(VPN)་ཞེས་པའི་དྲ་རྒྱའི་འབྲེལ་མཐུད་བཀག་ཏེ་(Google)་སོགས་དྲྭ་རྒྱའི་ནང་གི་གསར་འགྱུར་རྣམས་བལྟ་ཀློག་མི་ཐུབ་པ་བཟོས་ཡོད་པའི་སྐོར་གནས་ཚུལ་དེའི་ཐད་རྒྱུས་མངའ་ཡོད་མཁན་ཞིག་གིས་ཧྥ་རན་སི་གསར་འགྱུར་ལས་ཁང་ལ་གསུངས་འདུག
གཟའ་འཁོར་འདིའི་ནང་པེ་ཅིང་དུ་ལོ་འཁོར་གྱི་རྒྱ་ནག་གི་གལ་ཆེའི་ཚོགས་ཆེན་གཉིས་ཀྱི་སྐུ་ཚབ་འཐུས་མི་སྟོང་ཕྲག་འགའ་ཤས་འདུ་འཛོམས་བྱས་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་(VPN)་མཉེན་ཆས་བཀག་འགོག་གི་བྱ་སྤྱོད་ཤུགས་ཆེ་རུ་བཏང་ནས་མི་དམངས་རྣམས་དྲ་རྒྱ་བེད་སྤྱོད་བྱེད་མ་ཐུབ་པའི་དཀའ་ངལ་ཡང་སེ་འཕྲད་བཞིན་ཡོད་པ་མ་ཟད། ལྷག་དོན་དེ་སྔའི་རྒྱ་ནག་གི་ཆབ་སྲིད་ཀྱི་ཚོགས་འདུའི་སྐབས་དང་བསྡུར་ན་འདི་ལོ་དམ་དྲག་ཆེ་རུ་བཏང་ཡོད་པ་དང་། དེ་ནི་དེང་སྐབས་རྒྱ་ནག་ནང་གལ་ཆེའི་ཚོགས་ཆེན་གཉིས་ཀྱི་རིང་ལ་དྲ་རྒྱའི་ཐོག་དམ་དྲག་ཤུགས་ཆེ་རུ་བཏང་ཡོད་པའི་གནས་ཚུལ་དེ་དངོས་བདེན་ཡིན་པ་དང། འོན་ཀྱང་རྒྱ་ནག་གཞུང་གིས་སྐབས་དེར་མཐའ་ཅིག་ཏུ་བཀག་འགོག་བྱེད་ཐུབ་མེད་པ་དང་། ཁོང་ཚོའི་ངོས་ནས། དྲ་རྒྱའི་ལས་དོན་རྣམས་སྔར་རྒྱུན་བཞིན་ཡོང་ཐབས་སུ་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད་པའི་སྐོར། སུད་སི་ཡི་ཁྱིམ་མཚེས་རྒྱལ་ཁབ་(Liechtenstein)་ནང་དུ་ཡོད་པའི་རྒྱ་ནག་ནང་དུ་ཕྱི་རྒྱལ་བ་ཚོར་དྲ་རྒྱ་བལྟ་ཀློག་བྱ་ཐུབ་ཆེད་(VPN)་མཁོ་འདོན་བྱེད་མཁན་གྱི་ཚོང་ལས་གཙོ་བོ་ཡིན་པ་(Astril VPN)་ཚོང་ལས་ཞབས་ཞུ་ཁང་གིས་གསུངས་འདུག
རྒྱ་ནག་ནང་(VPN)་མཉེན་ཆས་བེད་སྤྱོད་བཏང་ནས་དྲྭ་རྒྱ་བལྟ་ཀློག་མི་ཐུབ་པ་བཟོ་བཞིན་ཡོད་པར་བརྟེན། གཞུང་གི་བཀའ་ཁྲོལ་མེད་པར་རྒྱ་ནག་ནང་(VPN)་བེད་སྤྱོད་བཏང་ན་ཁྲིམས་འགལ་ཡིན་པ་རེད། འོན་ཀྱང་གཞུང་གི་གསར་འགྱུར་ལས་རིགས་དང་ཕྱི་རྒྱལ་གྱི་སྐུ་ཚབ་ཚོས་དྲྭ་རྒྱ་དཔེར་ན་(X)་ཟེར་བ་ལྟ་བུ་བལྟ་ཀློག་བྱེད་ཆོག་གི་ཡོད་པ་རེད།
རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་སྲིད་གྲོས་ཀྱི་ཚོགས་འདུ་གཉིས་གཟའ་འཁོར་གཅིག་གི་རིང་ཚོགས་ནས་འདི་ཚེས་༡༡གཟའ་ཟླ་བར་མཇུག་སྒྲིལ་ཡོད་པ་དང་། རྒྱལ་སྤྱིའི་གསར་འགྱུར་རྒྱུད་ལམ་ཁག་ཏུ་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིན་གྱིས་དབང་ཆ་གཅིག་སྡུད་ཀྱི་ལམ་ལུགས་ཐོག་གོམ་གང་མདུན་སྤོས་ཀྱི་སྒོ་ནས་རང་ཉིད་ཀྱི་སྲིད་དབང་སྲ་བརྟན་གཏོང་ཐབས་བྱས་ཡོད་སྐོར་གྱི་དཔྱད་བརྗོད་སྤེལ་ཡོད་པ་རེད།
རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་མཇུག་སྒྲིལ་བ་དང་མཉམ་ནམ་རྒྱུན་རྒྱ་ནག་གི་སྲིད་བློན་གྱིས་གསར་འགོད་ལྷན་ཚོགས་སྐོང་ཚོགས་བྱེད་སྲོལ་ཡོད་མོད། ད་ལོ་ནས་བཟུང་ལམ་སྲོལ་དེ་མེད་པར་བཟོས་ཡོད་པ་དང་། རྒྱ་ནག་གི་དཔོན་རིགས་ཚོས་གསར་འགོད་པར་དྲི་བ་འདྲི་སའི་གོ་སྐབས་གཞན་དག་ཡོད་པས་གསར་འགོད་ལྷན་ཚོགས་དེ་དགོས་ངེས་ཅན་ཞིག་མིན་སྐོར་བརྗོད་པ་རེད། ཡིན་ནའང་ད་ལྟ་ཨ་རིའི་ནང་བཞུགས་པའི་རྒྱ་བོད་སྐབས་དོན་དབྱེ་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་སྐབས། དེ་ནི་ཞི་ཅིན་ཕིན་གྱིས་སྲིད་དབང་སྲ་བརྟན་དང་སྟངས་འཛིན་བྱེད་པའི་རྟགས་མཚན་གཞན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་འདུག
ད་དུང་ཀུན་དགའ་བཀྲ་ཤིས་ལགས་ཀྱིས། རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིན་སྲིད་དབང་སྒེར་གཅོད་ཀྱི་ལམ་ཕྱོགས་སུ་མུ་མཐུད་མདུན་སྐྱོད་བྱས་ཏེ་རྒྱ་ནག་གི་ཆབ་སྲིད་ལ་འགྱུར་ལྡོག་བྱུང་བཞིན་པ་མ་ཟད། ཞི་ཅིན་ཕིན་གྱི་བྱེད་བབ་ལ་བལྟས་ན་ བོད་ནང་དུའང་ཆབ་སྲིད་ཐོག་སྔར་ལས་དམ་དྲག་ཤུགས་ཆེ་རུ་གཏོང་རྒྱུའི་རྟགས་མཚན་ཡོད་པ་བརྗོད་བྱུང་།
གསར་འགོད་པ། གཡུ་སྒྲོན། རྡོ་རྗེ་མཚོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།