རྒྱ་ནག་གཞུང་གིས་ལྷ་ས་གཙོས་བོད་ནང་མུ་མཐུད་དུ་ཕྱོགས་གང་ས་ནས་དམ་དྲག་བྱེད་བཞིན་ཡོད་འདུག

2023.03.21
Share on WhatsApp
Share on WhatsApp
རྒྱ་ནག་གཞུང་གིས་ལྷ་ས་གཙོས་བོད་ནང་མུ་མཐུད་དུ་ཕྱོགས་གང་ས་ནས་དམ་དྲག་བྱེད་བཞིན་ཡོད་འདུག ལྷ་སའི་བར་སྐོར་ནང་། ༠༢།༢༠༢༣
བོད་འབྱོར།/RFA

རྒྱ་ནག་གཞུང་གིས་ཕྱི་ཟླ་༣ནས་བཟུང་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་དངོས་ཤུགས་བརྒྱུད་གསུམ་ནས་བོད་མི་ཚོར་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་ལྟར། དེང་སྐབས་མུ་མཐུད་དུ་བོད་མི་ཚོའི་འགྲོ་སྐྱོད་ཐད་ལྟ་བཤེར་དང་ཁྱིམ་ཚང་དུ་གང་བྱུང་ཉེན་རྟོག་པ་སོགས་འཛུལ་ཡོང་སྟེ་ལྟ་ཞིབ་དང་ཁ་པར་སོགས་ལ་ཞིབ་བཤེར་བྱེད་བཞིན་ཡོད་འདུག གཞན་ཕྱི་ཟླ་༣པའི་ཚེས་༡༤ནས་བཟུང་། ལྷ་ས་གྲོང་ཁྱེར་ནང་གི་གྱང་ངོས་དང་སྲང་ལམ་ཁག་ཏུ་ཁྱབ་བསྒྲགས་སོགས་ཀྱི་སྦྱར་ཡིག་དང་། ཡིག་ཆ་རིགས་འགྲེམས་སྤེལ་མི་ཆོག་པའི་ཞིབ་བཤེར་བྱེད་བཞིན་ཡོད་པ་དང་། ཡིག་ཆ་རིགས་དཔར་བཤུས་བྱེད་པར་ཚོང་ཁང་གི་ངོས་ནས་ཆབ་སྲིད་གནད་དོན་ཡོད་མེད་ཐད་ཞིབ་བཤེར་དང་། དཔར་བཤུས་བྱེད་མཁན་མི་སྒེར་གྱི་ཐོབ་ཐང་ལག་འཁྱེར་སྟོན་དགོས་པ་དང་། དེ་ནི་རྒྱ་ནག་གཞུང་འབྲེལ་གྱི་ངོས་ནས་ལྷ་ས་གྲོང་ཁྱེར་གཙང་མ་ཡོང་ཆེད་ཡིན་སྐོར་བརྗོད་བཞིན་ཡོད་ཀྱང་། དོན་དངོས་སུ་ཆབ་སྲིད་ཀྱི་ནང་དོན་ཡོད་པའི་སྦྱར་ཡིག་དང་ཡིག་ཆ་རིགས་བཀག་སྡོམ་ཆེད་དུ་ཡིན་པ། བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་བོད་མི་དེས་གསུངས་ན། ད་ལྟའི་ཆར་ལྷ་སའི་ཁྲོམ་སྲང་ཁག་ཏུ་ལྟ་རྟོག་དང་ཞིབ་བཤེར་ཙམ་མ་ཡིན་པར། ཕྱི་ཚེས་༡༤ནས་བཟུང་གློ་བུར་ལྷ་ས་གྲོང་ཁྱེར་ཡོངས་སུ་ཡིག་ཆ་རིགས་དང་སྦྱར་ཡིག་རིགས་གྱང་ངོས་དང་དྲང་ལམ་ཁག་དུ་འགྲེམས་སྦྱར་མི་ཆོག་པའི་དམ་དྲག་དང་ཞིབ་བཤེར་བྱེད་འགོ་ཚུགས་སོང་། དེ་སྔ་ཡིན་ན་ཚོང་ལས་ཁྱབ་བསྒྲགས་རིགས་ཀྱི་སྦྱར་ཡིག་དང་ཡིག་ཆ་འགྲེམས་སྤེལ་བྱེད་པར་དམ་དྲག་གང་ཡང་མེད་མོད། ད་ལྟའི་ཆར་ཡིག་ཆ་སྦྱར་བ་དང་འགྲེམས་སྤེལ་བྱེད་རིགས་ལ་དམ་དྲག་ཞིབ་བཤེར་བྱས་ནས་ཆབ་སྲིད་ཀྱི་ནང་དོན་ཡོད་རིགས་ལ་དོགས་ཟོན་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
སྤྱིར་ཕྱི་ཟླ་༣ནང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་དང་། ཕྱི་ལོ་༢༠༠༨ལོའི་ས་བྱི་ཞི་རྒོལ་ཆེན་མོ་སོགས་འཁེལ་ཡོད་སྟབས། རྒྱ་ནག་གཞུང་གིས་ལོ་ལྟར་ལྷ་ས་གཙོས་བོད་ནང་དམག་མི་སོགས་འགྲེམས་འཇོག་གིས་དམ་དྲག་བྱེད་བཞིན་ཡོད་པ་བཞིན། ད་རེས་རྒྱ་ནག་གཞུང་གིས་སྤྱི་ཚོགས་བདེ་འཇགས་ཞེས་པའི་ལས་འགུལ་འོག་སྤྱི་ཚོགས་བདེ་འཇགས་ཀྱི་གནད་དོན་དང་། རྐུ་མ། ཚོང་ལས་མགོ་སྐོར་བཏང་སྐོར་སོགས་ཀྱི་ཉེས་མིང་འོག་ལྷ་ས་དང་གཞིས་རྩེ་གཉིས་སུ་མི་གྲངས་༢༠ལྷག་འཛིན་བཟུང་བྱས་པ་ཡོད་གཞུང་འབྲེལ་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་ཡོད་པ་དང་། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་མུ་མཐུད་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་། ཕྱི་ཟླ་༣ནང་གློ་བུར་རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཉེས་མིང་སྣ་ཚོགས་འོག་མི་སྣ་མང་དག་ཅིག་འཛིན་བཟུང་བྱས་ཡོད་པ་རྒྱ་ནག་གིས་བསྒྲགས་པ་ལས་མང་བ་ཡོད་པ་དང་། མི་དེ་དག་ལ་དོན་དངོས་སུ་ནག་ཉེས་དེ་ལྟ་བུ་ཡོད་མིན་ཐད་དོགས་གཞི་དགོས་པ་ཞིག་ཡིན་སྐོར་བརྗོད་བྱུང་།
དེ་མིན་རྒྱ་ནག་གཞུང་གིས་ཕྱི་ཟླ་༣ནང་འགྲིམ་འགྲུལ་བདེ་འཇགས་ཞིབ་བཤེར་ཞེས། འགྲིམ་འགྲུལ་འགྲོ་བསྐྱོད་ཐད་ཞིབ་བཤེར་དང་འབྲེལ་མི་སྒེར་གྱི་གནས་ཚུལ་ལ་ཞིབ་བཤེར་དང་། ཁ་པར་སོགས་སྔོག་བཤེར་ཤུགས་ཆེར་བྱས་ཡོད་པ་རེད་ལ། ཕྱི་ཚེས་༡༦ཉིན་ལྷ་ས་གྲོང་ཁྱེར་ཉེན་རྟོག་པའི་དྲ་རྒྱའི་སྟེང་འགྲིམས་འགྲུལ་ཞིབ་བཤེར་དེ་རིགས་མུ་མཐུད་དུས་ཡུན་རིང་པོར་བྱེད་རྒྱུ་ཡིན་སྐོར་སོགས་བརྗོད་འདུག་ལ། སྤྱིར་འདི་ལོ་རྒྱ་ནག་གཞུང་གིས་ལྷ་ས་ཁུལ་དུ་དམག་མི་འགྲེམས་འཇོག་གཙོས་ཞིབ་བཤེར་དང་། ཕྱི་ཕྱོགས་སུ་འབྲེལ་བ་བྱེད་མཁན་ཚོར་འབོད་འགུག་འདྲི་རྩད་བྱས་ཡོད་པའི་གནས་ཚུལ་རིམས་པར་ཐོན་ཡོད་པ་རེད།
ཕྱི་ཚེས་༢༠ཉིན། ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱིས་ཕྱི་ལོ་༢༠༢༢ལོའི་བོད་དང་། ཧོང་ཀོང་ཤར་ཏུར་ཀིསུ་ཐན་ཐེ་བའི་འཛམ་གླིང་ནང་གི་རྒྱལ་ཁབ་འདྲ་མིན་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་བའི་ནང་། རྒྱ་ནག་གཞུང་གིས་བོད་ནང་མུ་མཐུད་དུ་དམ་དྲག་བྱས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྡུག་པོ་ཡོད་པ་བཀོད་འདུག


གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་རང་བཙན་རྩོད་ཀྱི་མེད་པ་ནན་བརྗོད་གནང་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎