རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་ཨ་རིའི་གྲོས་ཚོགས་ཀྱིས་ཉན་ཞིབ་གནང་འདུག

ཉེ་ཆར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་དུས་བཀག་བསྐྱར་ཞིབ་གནང་བའི་འཕེལ་རིམ་ལ་གཞིགས་ཏེ། འདི་ཚེས་༡ཉིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཐད་ཀྱི་ཆེས་མཐོའི་ལས་དོན་ཚོགས་ཆུང་གིས་ཨ་རིའི་གྲོས་ཚོགས་ནང་དེ་འབྲེལ་གྱི་ཉན་ཞིབ་ཞིག་སྐོང་ཚོགས་གནང་ཡོད་པ་རེད། སྐབས་དེར་ཨ་རིའི་གྲོས་ཚོགས་འཐུས་མི་(Chris Smith)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ད་རེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་གིས་དུས་བཀག་བསྐྱར་ཞིབ་སྐབས། རྒྱ་ནག་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་དང་། དམ་དྲག་གི་སྲིད་ཇུས་མཚམས་འཇོག་དགོས་པ་སོགས་ཀྱི་ལམ་སྟོན་དང་གནད་དོན་ཁག་མང་པོ་ཞིག་དངོས་སུ་ཐེར་འདོན་བྱས་ཡོད་ཀྱང་། ཞི་ཅིན་ཕིན་གྱི་འགོ་ཁྲིད་འོག་གི་རྒྱ་ནག་དམར་ཤོག་ཚོགས་པའི་ངོས་ནས་དེ་ལྟར་ལག་བསྟར་བྱེད་ཀྱི་མ་རེད་བསམ། ཡིན་ན་ཡང་རྒྱལ་སྤྱིའི་ཚོགས་སྡེ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག ལྷག་པར་ཨ་མི་རི་ཀའི་ངོས་ནས་མུ་མཐུད་དུ། རྒྱ་ནག་གཞུང་གིས་བོད་གཙོས་བཙན་དབང་འོག་ཡོད་པའི་ས་ཁུལ་ཁག་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཁག་འགན་ཁུར་ངོས་ལེན་ཡོང་ཆེད་རྒྱ་ནག་གཞུང་ལ་མནོན་ཤུགས་སྤྲོད་དགོས་པ་དང་། སྲིད་དོན་དང་དཔལ་འབྱོར་གྱི་ཉེས་ཆད་བཀལ་ཏེ་ཡོངས་གྲགས་ཀྱི་སྒོ་ནས་སྐྱོན་བརྗོད་གནང་དགོས་གལ་ཆེ་བ་ནན་བརྗོད་གནང་བྱུང་།
ཉེ་སྔོན་སྤྱི་ཟླ་དང་པོའི་ཚེས་༢༣་ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པ་དངོས་སུ་གནང་བའི་སྐབས། རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་ཉི་ཤུ་ལྷག་གིས་བོད་དོན་དང་འབྲེལ་བའི་གནད་དོན་དོན་ཚན་༢༥རྒྱབ་གཉེར་གནང་ནས་བོད་དོན་གླེང་ཡོད་པ་དང་། དེ་ནི་༢༠༡༨ལོའི་བསྐྱར་ཞིབ་ཐེངས་གསུམ་པ་དང་བསྡུར་ན་ལྡབ་གཅིག་ལྷག་གི་མང་བ་བྱུང་ཡོད་པ་རེད།
དེའི་རྗེས་ཚེས་༢༦ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པ་གནང་བ་མཇུག་སྐྱོང་གནང་ཕྱོགས་ཀྱི་ལས་དོན་ཚོགས་འདུ་ཚོགས་ཡོད་པ་དང་། སྐབས་དེར་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་༡༦༡གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་གླེང་སློང་གིས་དེ་འབྲེལ་གྱི་བསམ་འཆར་ལམ་སྟོན་ཁག་ཁྱོན་༤༢༨བཏོན་ཡོད་པ་དང་། ཚོགས་མི་རྒྱལ་ཁབ་༣༦གིས་ཚོགས་འདུའི་སྔོན་ཚུད་དུ་རྒྱ་ནག་ལ་དྲི་བ་བཏང་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད། ཀླུ་འབུམ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།