རྒྱ་གར་ནས་ཕེབས་མཁན་མཁན་པོ་དགེ་བཤེས་ཚོས་ཆོས་འཆད་མི་ཆོག


2018.05.15
ལི་ཐང་དགོན་ཆེན། ལི་ཐང་དགོན་ཆེན།
བོད་འབྱོར།

རྒྱ་གར་ནས་ཕེབས་མཁན་མཁན་པོ་དང་དགེ་བཤེས་ཚོས་དགོན་པའི་ནང་ཆོས་འཆད་མི་ཆོག་པ་མ་ཟད་ཕྱིར་ཕུད་བྱེད་བཞིན་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་འབྱོར་བ་ལྟར་ན། ཉེ་ལམ་ནས་དཀར་མཛེས་ཁུལ་ལི་ཐང་རྫོང་གི་རྒྱ་ནག་གི་འབྲེལ་ཡོད་ཚན་པས་ལི་ཐང་ཕྱོགས་ཀྱི་དགོན་སྡེ་ཁག་གི་ནང་རྒྱ་གར་ནས་ཕེབས་པའི་མཁན་པོ་དང་དགེ་བཤེས་ཚོས་ཆོས་འཆད་མི་ཆོག་པའི་དམ་དྲག་བྱས་བའི་ཐོག་ཁོང་ཚོ་དགོན་པ་ནས་ཕྱིར་ཕུད་བྱེད་བཞིན་པ་དང་། རྒྱ་གར་ནས་ཕྱིར་ཕེབས་མཁན་ལི་ཐང་དགོན་ཆེན་གྱི་མཚན་ཉིད་དགེ་རྒན་དགེ་བཤེས་བློ་བཟང་དོན་གྲུབ་དང་། བློ་བཟང་ཆོས་དཔག་གཉིས་དགོན་པར་བཞུགས་མ་བཅུག་པར་ཉེ་ལམ་ཕྱིར་ཕུད་བྱས་ཡོད་པ་མ་ཟད། དགེ་བཤེས་གཞན་དག་དགོན་པར་འཛུལ་ཞུགས་བྱེད་བཅུག་མེད་པ་རེད་འདུག
དེ་དང་འབྲེལ་གསར་ལམ་ཁག་གི་གནས་ཚུལ་ལྟར་ན། ཉེ་ཆར་ཟི་ཁྲོན་ཞིང་ཆེན་དཀར་མཛེས་ལི་ཐང་ཕྱོགས་ཀྱི་རྒྱ་ནག་གི་འབྲེལ་ཡོད་ཚན་པས་བཀོད་ཁྱབ་བཏང་བའི་ནང་། རྒྱ་གར་ནང་སློབ་གཉེར་བྱས་ནས་ཕྱིར་བོད་ལ་འབྱོར་བའི་དགེ་འདུན་པ་ཚོར་ཁ་བྲལ་གྱི་སློབ་གསོ་ཐེབས་ཡོད་སྟབས་དགོན་སྡེ་ཁག་གི་ནང་སློབ་གསོ་སྤྲད་པ་ཡིན་ན་ཁ་བྲལ་གྱི་ལྟ་བ་ཁྱབ་བརྡལ་འགྲོ་རྒྱུའི་ཉེན་ཁ་ཡོད་པར་བརྟེན་མ་འོངས་པར་རྒྱ་གར་ནང་སློབ་གཉེར་ཐོབ་པའི་རིགས་ཀྱིས་ས་གནས་སུ་སློབ་གསོ་དང་ཆོས་བཤད་བྱེད་མི་ཆོག་ཚུལ་བཤད་འདུག
དེ་སྔ་རྒྱ་ནག་མི་དམངས་ཆབ་སྲིད་གྲོས་ཚོགས་ཀྱི་ཆོས་དོན་ལས་དོན་ཚན་པའི་སྤྱི་ཁྱབ་ཀྲུའུ་ཝེན་ཆོན་གྱིས། དགེ་འདུན་པ་ཁག་ཅིག་ལ་ང་ཚོས་ཁ་བྲལ་རིང་ལུགས་པར་ངོས་འཛིན་བྱེད་པའི་ཕྱི་རྒྱལ་ནང་ཏཱ་ལའི་བླ་མའི་ཤོག་ཁག་གི་འོག་སློབ་སྦྱོང་བྱས་མྱོང་ཡོད་པར་བརྟེན་ས་གནས་ནང་པའི་སློབ་གཉེར་བ་ཚོར་ཡང་ཁ་བྲལ་གྱི་བསམ་བློ་ཁྱབ་བརྡལ་མི་འགྲོ་བའི་ཆེད་ང་ཚོས་དམ་དྲག་ཤུགས་ཆེ་ཙམ་བྱེད་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་གཏམ་བཤད་སྤེལ་པ་ཡང་གསར་ལམ་ཁག་གཅིག་གིས་ལུངས་འདྲེན་བྱས་འདུག
འདས་པའི་ལོ་ངོ་མང་པོའི་རིང་རྒྱ་ནག་གི་དམ་དྲག་སྟངས་འཛིན་འོག་ནས་བོད་མི་མང་པོ་རྒྱ་གར་ནང་བྲོས་བྱོལ་གྱིས་བྱེས་ཀྱི་གདན་ས་གསུམ་གྱི་གཙོས་དགོན་སྡེ་ཁག་ནས་སློབ་གཉེར་བྱས་རྗེས་མང་པོ་ཕྱིར་རང་གི་ཕ་ཡུལ་ལ་ལོག་ནས་ཕ་ཡུལ་གྱི་དགོན་པར་བཞུགས་བཞིན་ཡོད་པ་རེད།

གསར་འགོད་པ་ཀླུ་འབུམ་དང་། རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎