དུས་འཁོར་དབང་ཆེན་ནི་ཁྲིམས་འགལ་གྱི་གསུང་ཆོས་ཡིན་ཟེར།
2017.01.06
རྒྱ་ནག་གཞུང་གིས་༧གོང་ས་མཆོག་གིས་གནང་རྒྱུའི་དུས་འཁོར་དབང་ཆེན་ནི་ཁྲིམས་འགལ་ཡིན་པ་བསྒྲགས་ནས་བོད་མི་ཚོར་ཉེན་བརྡ་བཏང་འདུག
ད་ལྟ་རྒྱ་ནག་གི་ཡུན་ནན་ཞིང་ཆེན་ཁོངས་སུ་བཅུག་པའི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་བདེ་ཆེན་རྫོང་གིས་༧གོང་ས་མཆོག་གིས་གནང་རྒྱུའི་དུས་འཁོར་དབང་ཆེན་ནི་ཁྲིམས་འགལ་གྱི་གསུང་ཆོས་ཤིག་ཡིན་པས། དེར་མཉམ་ཞུགས་བྱས་པ་དང་འབྲེལ་ཡོད་ཀྱི་གནས་ཚུལ་མཁོ་སྤྲོད་བྱས་པ་སོགས་བྱུང་ཚེ་ཁྲིམས་ཐོག་ནས་ཉེས་པ་གཏོང་རྒྱུ་ཡིན་སྐོར་གསལ་བསྒྲགས་ཤིག་སྤེལ་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་དུ་ཡིག་ཆ་དང་བཅས་གནས་ཚུལ་འབྱོར་བ་ལྟར་ན། བདེ་ཆེན་རྫོང་གི་གསལ་བསྒྲགས་དེའི་ནང་དབུས་གཞུང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལྟར། ཕྱི་ཕྱོགས་སུ་ཡོད་པའི་ཏཱ་ལའི་རུ་ཚོགས་ཀྱིས་གོ་སྒྲིག་བྱས་པའི་དུས་འཁོར་དབང་ཆེན་ཟེར་བ་འདི་ཁྲིམས་འགལ་གྱི་གསུང་ཆོས་ཤིག་ཡིན་པ་ངོ་བོའི་ཐོག་ནས་གཏན་ཁེལ་བྱས་ཡོད། ཁྲིམས་ལུགས་དེའི་ནང་དུ། དྲ་ཚིགས་བེད་སྤྱད་དེ་དུས་དབང་དང་འབྲེལ་ཡོད་ཀྱི་སྒྲ་དང་བརྙན་པར། པར་རིས་གསར་འགྱུར་སོགས་རྫུན་མ་བཟོས་པ་དང་ཁྱབ་སྤེལ་བྱས་པ། མང་ཚོགས་སྐུལ་སློང་དང་། སྒྲིག་འཛུགས་བྱས་ཏེ་དུས་དབང་གི་ནང་དོན་དང་འབྲེལ་ཡོད་ཀྱི་བྱེད་སྒོ་སྤེལ་བ་དང་ཡང་ན་དགའ་སྟོན་གྱི་བྱེད་སྒོ་སྤེལ་བ། ཁྲིམས་འགལ་གྱི་འདུ་འཛོམས་དང་ཁྲོམ་སྐོར། ངོ་རྒོལ་སོགས་ངན་སྐུལ་དང་ཇུས་འགོད་སོགས་ཀྱི་བྱ་སྤྱོད་ལ་བཀག་སྡོམ་དང་། བསླབ་བྱར་མི་ཉན་མཁན་ལ་ཉིན་བཅུ་ལས་མང་བ་དང་ཉིན་བཅོ་ལྔ་ལས་ཉུང་བའི་བཀག་ཉར་གྱི་ཉེས་པ་གཏོང་རྒྱུ་སོགས་བཀོད་འདུག
གཞན་ཡང་ཡུན་ནན་ཞིང་ཆེན་ལྷན་ཁང་དང་ཁུལ་ལྷན་ཁང་ནས་འབྲེལ་ཡོད་དོ་དམ་ཁུལ་གྱི་གྲ་བཙུན་དང་མང་ཚོགས་བཅས་ཕྱི་རྒྱལ་དུ་ཁྲིམས་འགལ་གྱི་གསུང་ཆོས་ཞུ་བར་འགྲོ་མཁན་ཁྲོད་སྤེལ་བའི་ཡིག་ཆ་དེའི་ནང་དུ། གང་མྱུར་ཕྱི་ཕྱོགས་སུ་སྐྱོད་མཁན་མི་སྣ་དང་འབྲེལ་བ་བྱས་ཏེ་ཕྱི་ཕྱོགས་ཀྱི་ཁྲིམས་འགལ་གསུང་ཆོས་ནང་ལ་མཉམ་ཞུགས་བྱ་རྒྱུ་མེད་པ་བརྗོད་དགོས་པ་དང་། གལ་ཏེ་ཁྲིམས་འགལ་གྱི་གསུང་ཆོས་ལ་མཉམ་ཞུགས་བྱས་པ་ཡིན་ན། སྤྱི་བདེ་ཚན་པས་བརྟག་དཔྱད་བྱས་པ་བརྒྱུད་ཤེས་རྟོགས་བྱུང་ཚེ་ཕྱིར་བསྐྱོད་ལག་ཁྱེར་བེད་མེད་བཟོ་རྒྱུ་མ་ཟད། རྒྱལ་ནང་ལ་ཡོད་པའི་དམིགས་བསལ་སྲིད་ཇུས་འོག་གི་སྒེར་གྱི་ཐོབ་ཆ་ཡོངས་རྫོགས་དང་། ཐེམ་ཐོ་མེད་པ་བཟོ་བ་དང་དུས་མཚུངས་མིང་གཞུང་ནག་པོ་ཟེར་བའི་ནང་བཅུག་རྒྱུ། གལ་ཏེ་གྲ་བཙུན་ཡིན་ཚེ་ཁྲིམས་ལུགས་གཞི་བཟུང་བོད་ཀྱི་ནང་བསྟན་གྱི་སློབ་གཉེར་མི་སྣའི་ལག་འཁྱེར་མེད་པ་བཟོ་རྒྱུ་ཡིན་ཚུལ་སོགས་བཀོད་པ་དེའི་ཐོག་འབྲེལ་ཡོད་ཁྱིམ་བདག་གི་ས་ཡིག་དང་ཟླ་ཚེས་སོགས་བཀོད་དགོས་ཀྱི་ཡོད་པ་རེད་འདུག།
གསར་འགོད་པ་ཚེ་བརྟན་རྡོ་རྗེ།