ལོ་གཅིག་ནང་རྒྱ་ནག་གི་སྨན་པ་མཐོ་གྲས་དང་ཕྱི་འབྲེལ་ལས་བྱེད་རྒན་པ་བརྒྱ་དང་ཉི་ཤུ་ཙམ་གྲོངས་ཡོད་འདུག

2023.01.06
ལོ་གཅིག་ནང་རྒྱ་ནག་གི་སྨན་པ་མཐོ་གྲས་དང་ཕྱི་འབྲེལ་ལས་བྱེད་རྒན་པ་བརྒྱ་དང་ཉི་ཤུ་ཙམ་གྲོངས་ཡོད་འདུག ཏོག་དབྱིབས་ནད་ཡམས་ཁྱབ་གདལ་སྐབས་ཀྱི་པེ་ཅིང་གི་སྨན་ཁང་ཞིག་གི་ནང་། ༠༡།༠༥།༢༠༢༣
AP

དེ་ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ལ། རྒྱ་ནག་གི་སྲིད་ཁྲིམས་སློབ་གླིང་གི་དགེ་རྒན་ཆེན་མོ་ཟུར་པ་ཐིང་པའོ་(滕彪)ཡིས་འགྲེལ་བརྗོད་གནང་དོན་ལྟར་གནས་ཚུལ་སྤེལ་བ་ལྟར་ན། ཁོང་གིས་རྒྱ་ནག་གི་ཕྱི་འབྲེལ་སྡེ་ཚན་གྱི་འབྲེལ་ཡོད་མི་སྣར་ནང་མོལ་བྱས་བ་བརྒྱུད་ནས་ཤེས་རྟོགས་བྱུང་བར། ཉེ་ལམ་རྒྱ་ནག་གི་ཕྱི་འབྲེལ་ལས་བྱེད་རྒན་པ་༦༠འདས་གྲོངས་སུ་སོང་ཡོད་པ་དང་། དེ་ལས་གཞན་རྒྱ་ནག་གི་ཚན་རིག་སློབ་གླིང་དང་བཟོ་སྐྲུན་སློབ་གླིང་གཉིས་ཀྱི་ནང་དུ། ཉེ་བའི་ལོ་གཅིག་ཙམ་གྱི་ནང་དུ་མཐོ་རིམ་མི་སྣ་༦༡འདས་གྲོངས་སུ་སོང་པའི་ནང་ནས། མི་༣༢ནི་ཉེ་བའི་ཟླ་བ་གཅིག་ཙམ་གྱི་ནང་དུ་འདས་གྲོངས་སུ་སོང་ཡོད་པའི་སྐོར་འགྲེལ་བརྗོད་གནང་ཡོད་འདུག
ཡང་ཁོང་གིས་གལ་སྲིད་སློབ་གླིང་འདི་གཉིས་ཀྱི་མི་སྣ་རྒན་གྲས་འདས་གྲོངས་སུ་སོང་བའི་གྲངས་འབོར་གཞིར་བཞག་ནས་བརྟགས་པ་ཡིན་ན། འདས་པའི་ལོ་གཅིག་གི་རིང་ལ་རྒྱ་ནག་ཁྱོན་ཡོངས་སུ། ཕལ་ཆེར་ལོ་ན་༦༥ཡར་འདབས་ཀྱི་མི་གྲངས་ས་ཡ་༧ཙམ་འདས་གྲོངས་སུ་སོང་ཡོད་པའི་ཚོད་དཔག་གནང་ཡོད་འདུག

covid china rfa.jpg
འབྲེལ་ཡོད་གནས་ཚུལ་ལས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ལམ་ནས་རྒྱ་ནག་གི་རྒན་གསོ་ཁང་དག་ཏུ་རྒན་པ་རྣམས་རྒྱུན་ཆད་མེད་པར་འདས་གྲོངས་སུ་འགྲོ་བཞིན་ཡོད་འདུག་ལ། ཧྲང་ཧེ་གྲོང་ཁྱེར་ལ་མཚོན་ན་སྨན་ཁང་ཁག་བེམ་པོས་ཁེངས་པའི་དབང་གིས། བེམ་པོ་སྐྱེལ་བའི་རིན་གོང་འཕར་ནས་བེམ་པོ་གཅིག་ལ་རྒྱ་སྒོར་སུམ་ཁྲི་སྟེ་ཨ་སྒོར་༤༤༠༡ཙམ་བར་འཕར་ཡོད་པའི་གནས་ཚུལ་འཁོད་ཡོད་འདུག
བོད་ཀྱི་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་དག་ལ་མཚོན་ནའང་། ཏོག་དབྱིབས་ནད་ཡམས་ཤུགས་ཆེར་འགོས་ཁྱབ་འགྲོ་བཞིན་ཡོད་ལ། ལྷག་པར་དུ་མདོ་སྟོད་སྨད་གཉིས་ལ་མཚོན་ན་ཕལ་ཆེར་ཁྱིམ་ཚང་མང་པོའི་ཁྱིམ་མི་ཚང་མར་ནད་ཡམས་འགོས་ཡོད་པ་མ་ཟད། ཚ་སྨན་དང་སྨན་ཁབ་མ་རེག་པའི་དཀའ་ངལ་ལ་འཕྲད་བཞིན་ཡོད་འདུག་ཅིང་། ས་ཁུལ་སོ་སོར་འདས་གྲོངས་སུ་སོང་བའི་གནས་ཚུལ་ཐར་ཐོར་མང་བོ་ཐོན་བཞིན་ཡོད་ནའང་། རྒྱ་ནག་གཞུང་གིས་བོད་ནང་དང་བརྡ་འཕྲིན་ཁག་ལ་དམ་དྲག་ནན་མོ་བྱེད་བཞིན་པའི་དབང་གིས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་དཀའ་བའི་གནས་སུ་གྱུར་ཡོད།


གསར་འགོད་པ། ཀེ་ཐོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༧ཀུན་གཟིགས་ཞྭ་དམར་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་དང་འབྲེལ་བའི་ཐུན་མོང་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༢༠༢༣ལོའི་འཛམ་གླིང་སྟེང་གི་རྒྱ་ནག་ཅེས་པའི་ཉམས་ཞིབ་ཚོགས་འདུ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎