ཀན་སུའུ་ནང་ས་ཡོམ་འགུལ་ཚད་༦་དང་གྲངས་ཆུང་༢་བརྒྱབ་སྟེ་བདུན་ཕྲག་གཅིག་ཕྱིན་པའི་རྗེས་སུ་རྐྱེན་ལམ་དུ་ཕྱིན་པའི་མིའི་གྲངས་འབོར་ཀན་སུའུ་དང་མཚོ་སྔོན་གཉིས་ཀ་ནས་༡༤༩་བར་འཕར་ཡོད་པ།

2023.12.25
ཀན་སུའུ་ནང་ས་ཡོམ་འགུལ་ཚད་༦་དང་གྲངས་ཆུང་༢་བརྒྱབ་སྟེ་བདུན་ཕྲག་གཅིག་ཕྱིན་པའི་རྗེས་སུ་རྐྱེན་ལམ་དུ་ཕྱིན་པའི་མིའི་གྲངས་འབོར་ཀན་སུའུ་དང་མཚོ་སྔོན་གཉིས་ཀ་ནས་༡༤༩་བར་འཕར་ཡོད་པ། ས་གནས། ཞུན་ཧ་རྫོང་རྡོ་སྦིས་ཞང་ཉ་མོ་སྡེ་བ།
མཚོ་སྔོན་བོད་ཡིག་གསར་འགྱུར།

རོ་ཡ་ཀྲར་གསར་ལས་ཁང་གིས་ཕྱི་ཚེས་༢༥་ཉིན་གནས་ཚུལ་སྤེལ་དོན་ལྟར་ན། ས་ཡོམ་དེ་ནི་ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་ནང་གི་Hui མི་རིགས་མང་པོ་གནས་བསྡོད་བྱ་ཡུལ་གྱི་ས་གནས་ལ་བྱུང་ཡོད་པ་དང་མང་ཆེ་བ་ཁ་ཆེ་གྲངས་ཉུང་མི་རིགས་ཡིན་འདུག དེ་མིན་ཀན་སུ་ཞིང་ཆེན་ནི་ས་ཡོམ་གོད་ཆག་གི་གནོད་ཚབས་ཆེ་ཤོས་ཕོག་ཡུལ་ཡིན་ཞིང་། ས་ཁུལ་དེའི་མི་མང་གི་ཁང་པ་ཉིས་འབུམ་ལྷག་ཙམ་གཏོར་བཤིགས་ཕྱིན་པ་དང་། ཁང་པ་གྲངས་ཆིག་ཁྲི་ལྔ་སྟོང་ལྷག་རྡིབ་སྐྱོན་འགྲོ་ལ་ཉེ་བ། ཁུལ་དེའི་མི་མང་གྲངས་ཆིག་འབུམ་བཞི་ཁྲི་ལྔ་སྟོང་ལྷག་ས་གནས་གཞན་ལ་གནས་སྤོས་བྱེད་དགོས་བྱུང་བ། ས་གནས་ཀྱི་རྒྱ་མིའི་དཔོན་རིགས་ཁག་ནས་བརྗོད་ན། ས་ཡོམ་བརྒྱབ་པའི་རྐྱེན་གྱིས་ཁང་པ་རྡིབ་སྐྱོན་བྱུང་བ་མང་ཆེ་བ་དེ་སྔ་ནས་ས་དང་ཤིང་དེ་མིན་རྡོ་དང་ཤིང་གིས་བཟོས་པའི་ཁང་བ་ཡིན་ལུགས་འགྲེལ་བརྗོད་བྱས་འདུག་ལ། ཡང་ཁོང་ཚོས་ད་རེས་ས་ཡོམ་གྱི་རྐྱེན་པས་རྐྱེན་ངན་གོད་ཆག་བྱུང་བ་དེ་ལ་བརྟེན་ནས་གྲོང་གསེབ་ཁུལ་གྱི་ཁང་པ་ཁག་ས་ཡོམ་འགོག་ཐུབ་མཁན་རྒྱབ་དགོས་པའི་ཛ་དྲག་གི་གོ་རྟོགས་སྤེལ་དགོས་པ་གལ་ཆེ་ཆགས་ཡོད་ལུགས་ཀྱང་བརྗོད་འདུག
དེ་བཞིན་མཚོ་སྔོན་བོད་ཡིག་གསར་འགྱུར་ནང་མཚོ་ཤར་ཁུལ་རྡོ་སྦིས་དང་བས་མདོའི་སྡེ་བ་ཁ་ཤས་ལ་ས་ཡོམ་བྱུང་ནས་སྡོད་གནས་མེད་པར་གྱུར་བའི་གནས་ཚུལ་བཀོད་ཡོད་པ་རེད། དེ་བཞིན་མཚོ་སྔོན་ཞིང་ཆེན་དུ་བོད་རིགས་གནས་བསྡོད་བྱེད་ས་དང་བོད་རིགས་ཚོར་ལ་དཀའ་ངལ་འཕྲད་པར་བརྟེན་བོད་ནང་མི་སྒེར་པ་ཚོས་རོགས་རམ་གནང་ཐབས་བྱེད་ཀྱི་ཡོད་པ་སྤྱི་ཚོགས་དྲ་ལམ་ཁག་ཏུ་མཐོང་རྒྱུ་འདུག དེ་བཞིན་བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ས་ཡོམ་གོད་ཆག་གི་གནོད་འཚེ་་ཕོག་མཁན་གྱི་ནང་མིར་གདུང་སེམས་མཉམ་བསྐྱེད་ཀྱི་ཐུགས་གསོ་དང་། རྨས་སྐྱོན་ཕོག་མཁན་རྣམས་མྱུར་དུ་དྲག་བསྐྱེད་ཡོང་བའི་སྨོན་འདུན་ཞུས་འདུག དེ་བཞིན་ཡང་རྒྱ་ནག་ཏུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོ་ནེ་ཁོ་ལཱ་སི་བྷརན་སི་(Nicholas Burns)མཆོག་ནས་ཀྱང་Xསྤྱི་ཚོགས་དྲ་རྒྱ་སྟེ་དེ་སྔོན་གྱི་ཊི་ཝེ་ཊར་དྲ་རྒྱའི་སྟེང་གནས་ཚུལ་བཀོད་དེ་གདུང་སེམས་མཉམ་བསྐྱེད་དང་ཨ་རིའི་གཞུང་ཚབ་ཁང་གིས་མུ་མཐུད་དུ་ས་ཁུལ་དེ་དག་གི་གནས་སྟངས་ཐད་དོ་ཁུར་བྱེད་བཞིན་ཡོད་པ་བཀོད་འདུག
གསར་འགོད་པ་བསོད་ནམས་ལྷ་མོ་དང་ལྕག་མོ་མཚོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་ཆི་ཁ་གྷོ་སྒྱུ་རྩལ་བསྟི་གནས་ཁང་གིས་དུས་རབས་བཅུ་གཉིས་པའི་སྐབས་ཀྱི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་བལ་ཡུལ་དུ་ཕྱིར་སློག་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎