རྒྱ་ནག་གཞུང་གིས་ཐོབ་ཐང་དོན་གཉེར་བ་གཉིས་འཛིན་བཟུང་བྱས་བར་ཡོ་རོབ་མནའ་འབྲེལ་མཐུན་ཚོགས་ཀྱིས་བློ་འཚབ་ཡོད་པ་བརྗོད་འདུག

2023.04.19
རྒྱ་ནག་གཞུང་གིས་ཐོབ་ཐང་དོན་གཉེར་བ་གཉིས་འཛིན་བཟུང་བྱས་བར་ཡོ་རོབ་མནའ་འབྲེལ་མཐུན་ཚོགས་ཀྱིས་བློ་འཚབ་ཡོད་པ་བརྗོད་འདུག རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བའི་ཁྲིམས་རྩོད་པ་ཡོའུ་ཝིན་ཧྲིན་(Yu Wensheng)་དང་ཁོང་གི་བཟའ་ཟླ་ཐོབ་ཐང་ལས་འགུལ་བ་ཞུས་ཡན་(Xu Yan)་གཉིས།
@Xu Yan Twitter

དེ་ཡང་ཕྱི་ཚེས་༡༩ཉིན་རོཡེ་ཊར་གསར་སྤེལ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ཡུལ་དེའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བའི་ཁྲིམས་རྩོད་པ་གྲགས་ཅན་མི་སྣ་གཉིས་འཛིན་བཟུང་བྱས་པའི་གནས་ཚུལ་ཐད། ཡོ་རོབ་མནའ་འབྲེལ་མཐུན་ཚོགས་ཀྱིས་བློ་འཚབ་ཀྱི་རྣམ་འགྱུར་བསྟན་ཏེ་ཁོང་གཉིས་མྱུར་དུ་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་བྱས་འདུག
བདུན་ཕྲག་སྔོན་མར་རྒྱ་ནག་དང་ཡོ་རོབ་མནའ་འབྲེལ་མཐུན་ཚོགས་ཀྱི་དཔོན་རིགས་བར་ཐུག་འཕྲད་དུས་མི་སྣ་དེ་གཉིས་འཛིན་བཟུང་བཀག་ཉར་བྱས་བ་ཞིག་ཡིན་འདུག་ལ། ཡོ་རོབ་མནའ་འབྲེལ་མཐུན་ཚོགས་ཀྱི་མགྲིན་ཚབ་པས། རོཡེ་ཊར་གསར་སྤེལ་ཁང་ལ་ཡིག་ཐོག་ནས་ལན་འདེབས་དུས་སུ། བདུན་ཕྲག་སྔོན་མར་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བའི་ཁྲིམས་རྩོད་པ་ཡོའུ་ཝིན་ཧྲིན་(Yu Wensheng)་དང་། ཁོང་གི་བཟའ་ཟླ་ཐོབ་ཐང་ལས་འགུལ་བ་ཞུས་ཡན་(Xu Yan)་ཞུ་བ་གཉིས་ཡོ་རོབ་མནའ་འབྲེལ་མཐུན་ཚོགས་ཀྱི་དཔོན་རིགས་རྒྱ་ནག་ལ་གཟིགས་སྐོར་མ་གནང་སྔོན་ཙམ་ལ་འཛིན་བཟུང་བཀག་ཉར་བྱས་པ་དེ་ནི། ངོས་ལེན་བྱེད་མི་ཐུབ་པ་ཞིག་དང་། རེས་གཟའ་སྤེན་པའི་ཉིན་ཁོང་ཚོ་དངོས་སུ་འཛིན་བཟུང་བྱས་བར་བློ་འཚབ་ཡོད་ལ་གནས་ཚུལ་དེར་དོ་སྣང་ཤུགས་ཆེན་བྱེད་བཞིན་པ་བརྗོད་འདུག
དེ་བཞིན་རྒྱ་ནག་གཞུང་གིས་ཆ་རྐྱེན་གང་ཡང་མེད་པར་ཁོང་ཚོ་མྱུར་དུ་གློད་གྲོལ་གཏོང་བ་ཡོ་རོབ་མནའ་འབྲེལ་མཐུན་ཚོགས་ཀྱིས་དགོས་འདུན་བཏོན་ཡོད་ཞེས་ཚོགས་པ་དེའི་མགྲིན་ཚབ་པས་བརྗོད་པ་དང་། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་། ཁྲིམས་རྩོད་པ་སོགས་ལ་མུ་མཐུད་དུ་དྲག་གནོན་བྱེད་བཞིན་པ་ཚང་མས་ཤེས་གསལ་ལྟར་ན། ང་ཚོས་ཕྱོགས་མང་པོ་བརྒྱུད་ནས་གནད་དོན་དེའི་སྐོར་རྒྱ་ནག་དང་མཉམ་གླེང་སློང་བྱས་ཡོད་པ་བརྗོད་འདུག
རྒྱ་ནག་གཞུང་གིས་ད་དུང་གོང་ཞུས་འཛིན་བཟུང་བྱས་པའི་གནས་ཚུལ་ཐད་ལན་འདེབས་བྱས་མེད་ལ། པེ་ཅིན་གྲོང་ཁྱེར་གྱི་ཉེན་རྟོག་ལས་ཁུངས་ནས་ཀྱང་ད་བར་གནས་ཚུལ་དེའི་ཐད་ལན་འདེབས་བྱས་མེད་པ་རེད་འདུག ཡིན་ནའང་རེས་གཟའ་ལྷག་པའི་ཉིན། རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ཝང་ཝིན་པེན་ནས་ཐད་ཀར་མི་དེ་གཉིས་བརྗོད་མེད་ཀྱང་། རྒྱ་ནག་གིས་ཁྲིམས་ལྟར་གྱོད་གཞི་ཐག་གཅོད་བྱེད་བཞིན་པ་དང་། རྒྱ་ནག་གིས་ང་ཚོའི་ནང་སྲིད་ལ་ཐེ་གཏོགས་བྱེད་མཁན་ཚོར་ངོ་རྒོལ་ཡོད་ཚུལ་བརྗོད་འདུག
ད་ལྟ་ལོ་ན་༥༥ཡིན་པའི་ཡོའུ་ཝིན་ཧྲིན་ནི། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བའི་ཁྲིམས་རྩོད་པ་ཞིག་ཡིན་ཞིང་། ཁོང་དེ་སྔོན་ཕྱི་ལོ་༢༠༡༥ལོར་རྒྱ་ནག་གིས་ཁྲིམས་རྩོད་པ་༣༠༠འཛིན་བཟུང་གི་གྲས་ཀྱི་གཅིག་ཡིན་ཞིང་། དེའི་རྗེས་རྒྱལ་ཁབ་མགོ་རྟིང་སློག་རྩིས་ཀྱི་ཉེས་མིང་ལོ་བཞིའི་ཁྲིམས་བཅད་དེ་ན་ནིང་ལོར་གློད་གྲོལ་ཐོབ་པ་ཞིག་རེད།
ཁོང་གི་ཆུང་མ་ཞུས་ཡན་གྱིས་དེ་སྔོན་བཟའ་ཟླ་བཙོན་གྲོལ་ཆེད་ལས་འགུལ་སྤེལ་སྐབས། འཛིན་བཟུང་བཀག་ཉར་བྱས་ནས་མནར་གཅོད་བཏང་རྐྱེན་ད་སྐབས་བདེ་ཐང་མིན་པ་བརྗོད་ཡོད་ཀྱང་རྒྱ་ནག་གིས་དེར་ངོས་ལེན་བྱེད་ཀྱི་མེད། རྒྱུས་ཡོད་མི་སྣས་བརྗོད་ན། གོང་ཞུས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་བཟའ་ཟླ་གཉིས་ཀྱིས་ཡོ་རོབ་མནའ་འབྲེལ་གྱི་དཔོན་རིགས་ཀྱིས་རྒྱ་ནག་ནང་གཟིགས་སྐོར་སྐབས་སུ་ཁོང་ཚོ་དང་ཐུག་འཕྲད་བྱེད་རྩིས་བྱས་ཡོད་འདུག


གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ང་ཚོས་རྒྱ་ནག་དང་བརྒྱུད་ལམ་གཞན་ཞིག་བརྒྱུད་ནས་འབྲེལ་ལམ་ཐབས་ཤེས་གནང་བཞིན་ཡོད། སྲིད་སྐྱོང་མཆོག་གིས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎