རྒྱ་ནག་གཞུང་གིས་ཡུལ་སྐོར་བའི་ཁ་པར་ནང་འཕྲུལ་ཆས་མ་ལག་དམིགས་བསལ་ཞིག་བླུགས་ཏེ་ལྟ་ཞིབ་ནན་པོ་བྱེད་བཞིན་པ།
2019.07.04

རྒྱ་ནག་གཞུང་གིས་ཤིན་ཅང་དུ་ཕྱི་རྒྱལ་ཡུལ་སྐོར་བ་སོགས་ཀྱི་ཁ་པར་ནང་འཕྲུལ་ཆས་མ་ལག་དམིགས་བསལ་ཞིག་བླུགས་ཏེ་ལྟ་ཞིབ་ནན་པོ་བྱེད་བཞིན་པ་ལྟར། བོད་ཀྱི་ས་མཚམས་ཁག་ཏུའང་མྱུལ་ཞིབ་ཀྱིས་བོད་མི་སྒེར་གྱི་རང་དབང་རྩིས་མེད་རྡོག་རོལ་ཚབས་ཆེ་གཏོང་བཞིན་ཡོད་པ་རེད། རྒྱ་ནག་གཞུང་གིས་ཤིན་ཅང་མཐའ་མཚམས་ཁག་ཏུ་ཡུལ་སྐོར་བ་དང་། ཕྱི་རྒྱལ་མི་རིགས་རྒྱ་ནག་ནང་འཛུལ་མཁན་ཚོའི་ཁ་པར་ནང་འཕྲུལ་ཆས་མ་ལག་དམིགས་བསལ་ཞིག་བླུགས་ཏེ་ཁ་པར་ནང་གི་ཡིག་ཚགས་ཆ་ཚང་བརྐུ་འཁྱེར་བྱེད་པ་དང་། ཁ་པར་བདག་པོའི་འགྲོ་འདུག་སྤྱོད་གསུམ་ལ་གསང་བའི་སྒོ་ནས་མྱུལ་ཞིབ་རྒྱུས་ལོན་བྱེད་བཞིན་པ་ལྟར། བཞུགས་སྒར་རྡ་རམ་ས་ལའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས། རྒྱ་ནག་གཞུང་གིས་ཆབ་སྲིད་དང་བདེ་འཇགས་སོགས་ལ་ཁ་གཡར་ཏེ་བོད་ཀྱི་མཐའ་མཚམས་ས་ཁུལ་ཁག་ནང་དམག་མི་མང་པོ་འགྲེམས་འཇོག་གིས་ལག་ཆ་སོགས་འཕྲུལ་ཆས་རིགས་མང་པོ་བེད་སྤྱོད་བྱེད་པར་མ་ཟད། ལག་ཆ་དེ་དག་ལོ་ཤས་ནང་སྤུས་ཚད་ཡར་རྒྱས་ཆེན་པོ་བཏང་སྟེ་བོད་མི་མང་པོའི་སྒེར་གྱི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་། ཕར་ཚུར་འགྲོ་འོང་གི་རང་དབང་མེད་པའི་སྐོར་གསུངས་ཡོད་པ་རེད། ད་དུང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་ལྟེ་གནས་ཁང་གིས། རྒྱ་ནག་གཞུང་གིས་བོད་མིའི་ཐོག་གསང་བའི་སྒོ་ནས་མྱུལ་ཞིབ་བྱ་རྒྱུའི་ཆེད་དུ་འཕྲུལ་ཆས་སྣ་ཚོགས་གང་སར་བཙུགས་ཡོད་པར་མ་ཟད། དངོས་སུ་ས་གནས་གང་སར་ལྟ་རྟོག་བྱེད་མི་མང་པོ་འགྲེམས་འཇོག་བྱས་ཏེ་ཡུལ་སྐོར་བ་ཙམ་མིན་པར་བོད་མི་ཚོར་དཀའ་ངལ་ཆེན་པོ་བཟོ་བཞིན་པའི་བྱ་སྤྱོད་དེ་ཚོ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་པའི་སྐོར་གྱི་སྙན་ཐོ་རིམ་པ་བཏོན་ཡོད་པ་རེད།