གཙང་པོའི་ནང་དུག་རྫས་དབྱུང་པར་སྐྱོན་བརྗོད།
2012.02.01
༄༅༎རྒྱ་ནག་གི་ཀུའང་ཤི་ཁུལ་གྱི་ལོང་ཅན་གཙང་པོའི་ནང་དུག་རྫས་ཅན་གྱི་བཟོ་གྲྭའི་སྙིགས་རོ་ཤོར་ནས་མང་ཚོགས་ས་ཡ་མང་པོའི་ཐུང་ཆུར་ཉེན་ཁ་བཟོས་པའི་གནས་དོན་ཐད་ས་གནས་དཔོན་རིགས་ཚོས་རྟོག་ཞིབ་ཡག་པོ་བྱས་མེད་པར་དེ་རིང་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་གིས་སྐྱོན་འཛུགས་བྱས་འདུག
ཁ་ས་དགོང་དྲོ་རྒྱ་ནག་གི་འཛིན་སྐྱོང་མི་སྣ་ཚོས་གཙང་པོའི་ནང་བག་བཙོགས་ཤོར་བ་དེ་དག་འགོག་བསྡོམས་ཐུབ་པ་བྱུང་ཡོད་སྐོར་བརྗོད་ཡོད་ནའང༌། དེ་རིང་རྒྱ་ནག་ཉིན་རེའི་གསར་ཤོག་གིས་བཟོ་གྲྭ་ཁག་གི་ཐོག་རྟོག་ཞིབ་ནན་པོ་བྱ་དགོས་རྒྱུ་དང༌། ས་གནས་དཔོན་རིགས་ཚོས་ལས་དོན་བྱེད་སྟངས་འདོད་བློ་ཁེངས་པ་ཞིག་མེད་པའི་སྐྱོན་བརྗོད་བྱས་འདུག། གོང་ཞུས་གསར་ཤོག་དེའི་རྩོམ་སྒྲིག་པའི་གླེང་བརྗོད་ནང༌། ས་གནས་འགོ་འཛིན་ཚོས་གཙང་པོའི་ནང་བཟོ་གྲྭའི་དུག་རྫས་སྙིགས་རོ་ཤོར་བཏང་ཤོར་ལུགས་ལ་རྟོགས་ཞིབ་མཐིལ་ཕྱིན་པ་བྱ་དགོས་སྐོར་བརྗོད་སྟེ། དེ་ནི་རྒྱལ་ཁབ་བྱིངས་ལ་དེ་ལྟར་མི་ཡོང་བའི་ཟབ་ནན་བྱ་དགོས་རྒྱུའི་སྔོན་བརྡ་ཞིག་ཡིན་སྐོར་འགྲེལ་བརྗོད་བྱས་འདུག། བཟོ་གྲྭའི་སྙིགས་རོ་གཙང་པོའི་ནང་ཤོར་ནས་མང་ཚོགས་ཀྱི་ཐུང་ཆུར་ཉེན་ཁ་བཟོས་པའི་ལེ་ཁག་ཡོད་མཁན་བཟོ་གྲྭ་ཁག་བདུན་གྱི་འཛིན་སྐྱོང་འགོ་ཁྲིད་རྒྱ་གཞུང་གིས་འཛིན་བཟུང་བྱས་འདུག།