རྒྱ་ནག་གཞུང་གིས་ཆོས་ལུགས་མི་སྣར་དམིགས་པའི་སྒྲིག་གཞི་གསར་བ་ཞིག་གཏན་འབེབས་བྱས་འདུག

2021.02.10
Share on WhatsApp
Share on WhatsApp
རྒྱ་ནག་གཞུང་གིས་ཆོས་ལུགས་མི་སྣར་དམིགས་པའི་སྒྲིག་གཞི་གསར་བ་ཞིག་གཏན་འབེབས་བྱས་འདུག ཕོ་བྲང་པོ་ཏཱ་ལའི་མདུན་ཐང་དང་ཉེན་རྟོག་པ། ༡༠།༡༥།༢༠
Reuters

རྒྱ་ནག་གཞུང་གིས་ཆོས་ལུགས་མི་སྣར་དམིགས་པའི་སྒྲིག་གཞི་གསར་བ་ཞིག་གཏན་འབེབས་བྱས་འདུག
རྒྱ་ནག་གཞུང་གིས་ཆོས་ལུགས་ཁག་རྒྱ་ནག་ཅན་དུ་བསྒྱུར་ཆེད་ཆོས་ཕྱོགས་ཀྱི་མི་སྣའི་ཐོག་ཕྱིའི་ཤུགས་རྐྱེན་མི་ཐེབས་པའི་བཀག་སྡོམ་བྱེད་ཆེད་སྒྲིག་གཞི་གསར་པ་ཞིག་གཏན་འབེབས་བྱས་འདུག
རྒྱ་ནག་རྒྱལ་ཡོངས་ཆོས་དོན་ལྷན་ཁང་ནས། གཟའ་མིག་དམར་ཕྱི་ཚེས་༩ཉིན་སྤེལ་བའི་ཆོས་ལུགས་མི་སྣ་ཚོར་གཞུང་གིས་སྒྲིག་གཞི་གསར་པ་ཞིག་ཕྱིར་བསྒྲགས་གནང་ཡོད་པ་དང་། དེའི་ནང་ཆོས་ལུགས་ཁག་རྒྱ་ནག་ཅན་དུ་བསྒྱུར་ཐབས་ལ་དམིགས་ནས་ཆོས་ཕྱོགས་ཀྱི་མི་སྣ་ཚོའི་ཐོག་ལ་ཕྱི་ཕྱོགས་ནས་ཤུགས་རྐྱེན་འགོག་ཐབས་བྱེད་རྒྱུ་དང་། གལ་སྲིད་ཆོས་ལུགས་ཀྱི་ཚོགས་སྡེ་ཞིག་གིས་གཞུང་གི་སྒྲིག་གཞི་ལ་འགལ་འཛོལ་བྱུང་ཚེ། ཆོས་སྡེ་ཡོངས་ལས་མཚམས་འཇོག་དགོས་པའི་བཀག་སྡོམ་བྱེད་རྒྱུ་དང་། འབྲེལ་ཡོད་དོ་བདག་ཚོར་ཁྲིམས་འགལ་གྱི་ཉེས་ཆད་ཕོག་སྲིད་པ་མ་ཟད། ཆོས་ལུགས་ལས་དོན་སྤེལ་ཆོག་པའི་ཆོག་མཆན་ཕྱིར་བསྡུ་དང་དེ་འབྲེལ་གྱི་རྒྱུ་དངོས་སོགས་གཞུང་བཞེས་གཏོང་རྒྱུ་བཀོད་འདུག
དོན་ཚན་༧ལ་དབྱེ་ནས་ཆོས་ལུགས་མི་སྣ་དང་འབྲེལ་སྒྲིག་གཞི་གཏན་འབེབས་བྱས་ཡོད་པའི་ནང་། ཐོབ་ཐང་དང་། འགན་འཁྲི་ཁག་གསལ་སྟོན་བྱས་ཡོད་པ་མ་ཟད། གྲ་བཙུན་མི་སྣས་ཀུན་སྤྱོད་ཐོག་དོ་དམ་སྟངས་འཛིན་སྐོར་ཡང་ཡོད་པ་རེད།
ལྷག་པར་དུ་དོན་ཚན་༣པའི་ནང་། ཆོས་ལུགས་མི་སྣས་མེས་རྒྱལ་ལ་དགའ་ཞེན་དང་། རྒྱ་ནག་དམར་ཤོག་ཚོགས་པའི་དབུ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ལ་རྒྱབ་སྐྱོར་དགོས་རྒྱུ། ཆོས་ལུགས་ཁག་རྒྱ་ནག་ཅན་དུ་བསྒྱུར་བའི་ཁ་ཕྱོགས་སུ་བརྟན་པོར་བསྐྱོད་དགོས་པ་སོགས་བཀོད་འདུག
སྒྲིག་གཞི་དེ་འདི་ལོ་སྤྱི་ཟླ་༥པའི་ཚེས་༡ཉིན་ནས་ལག་བསྟར་བྱེད་རྒྱུ་དང་། དེས་ཕྱི་ཕྱོགས་ཀྱི་སྟོབས་ཤུགས་རྒྱལ་ནང་གི་ཆོས་དད་པ་ཚོའི་ཐོག་ཤུགས་རྐྱེན་ཡོང་རྒྱུར་འགོག་ཐབས་དགོས་པའི་གསལ་འདོན་དང་། དཔེར་ན། རྒྱ་ནག་གཞུང་གི་ཆོག་མཆན་མེད་པར་ཆོས་ཕྱོགས་ཀྱི་གོ་གནས་བསྐོ་བཞག་མི་ཆོག་པ་སོགས་ཚུད་འདུག

china-reli.jpg

དེའི་ཐད་གནད་དོན་དབྱེ་ཞིབ་པ་ཚོས། ད་རེས་སྒྲིག་གཞི་དེ་རྒྱ་ནག་གི་ཡེ་ཤུའི་གནམ་བདག་ཆོས་ལུགས་དད་ལྡན་པ་ཚོར་གཙོ་བོ་དམིགས་པའི་གཞུང་གི་སྒྲིག་གཞི་གསར་པ་ཞིག་ཡིན་ན་ཡང་དེ་ལ་ས་ཆ་མ་འདྲ་ས་ནས་གོ་བ་མ་འདྲ་བ་ལེན་གྱི་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ལ་བརྗོད་འདུག ཡིན་ན་ཡང་བརྗོད་དོན་གཅིག་མཚུངས་བོད་ནང་གི་དགོན་སྡེ་ཁག་དང་། ཆོས་ལུགས་མི་སྣ་ཚོར་སྔ་ས་ནས་གཞུང་གིས་ལམ་སྟོན་དང་སློབ་གསོ་སྤེལ་གཞི་ཆགས་ཡོད།
དེ་ཡང་སྔ་ལོ་སྤྱི་ཟླ་༩པའི་ནང་། བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ཝུའུ་དབྱིང་ཅེས་ཡིས། བོད་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཆོས་ལུགས་ལ་བརྟེན་ནས་ཐོན་པའི་ཤུགས་རྐྱེན་ངན་པ་འགོག་ཐབས་དང་། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས་པ་བརྗོད་ཡོད་ལ། རྒྱ་ནག་དམར་ཤོག་ཚོགས་པས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་པེ་ཅིང་དུ་འཚོགས་པའི་རྗེས། བོད་རང་སྐྱོང་ལྗོངས་ཁུལ་དུ་ཞི་ཅིན་པིང་གི་གཏམ་བཤད་ཀྱི་ནང་དོན་དྲིལ་བསྒྲགས་དང་ལག་བསྟར་བྱེད་ཆེད་སློབ་གསོའི་ལས་འགུལ་མང་དག་ཞིག་ས་ཁུལ་འདྲ་མིན་ནང་སྤེལ་ཡོད།
དེའི་ཐད་དེ་སྔོན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་འདས་པའི་ལོ་བདུན་བཅུའི་རིང་བསྒྱུར་ཐུབ་མེད་ལ་ད་དུང་ཡང་བསྒྱུར་ཐུབ་རྒྱུ་མིན་པ་གསུངས་ཡོད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་བྱ་སྤྱོད་ལ་ཡིད་གཟབ་གནང་དགོས་བ་ཉི་ཧོང་དུ་གསུངས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎