རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཨ་རིའི་རྒྱལ་སྲུང་སློབ་སྟོན་པར་ཐུག་འཕྲད་རྗེས་ར་ཤེ་ཡར་བསྐྱོད་འདུག
དེ་ཡང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་(Wang Yi)་ཝང་ཡེ་ཨ་མི་རི་ཀའི་རྒྱལ་སྲུང་སློབ་སྟོན་པར་ཐུག་འཕྲད་རྗེས་ཕྱི་ཟླ་དགུ་པའི་ཚེས་༡༨རེས་གཟའ་ཟླ་བ་ཉིན་སྲུང་སྐྱོབ་གྲོས་མོལ་གྱི་ཆེད་དུ་ཉིན་བཞིའི་རིང་ར་ཤེ་ཡའི་ནང་འཚམས་གཟིགས་འགོ་འཛུགས་བྱ་རྒྱུ་ཡིན་པའི་སྐོར་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་བཤད་ཡོད་པ་དང་། དེ་ནི་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཀྱིས་ར་ཤེ་ཡར་འཚམས་གཟིགས་དང་མཉམ་དཔོན་རིགས་ཕན་ཚུན་ཁ་པར་ཐོག་ནས་འབྲེལ་བ་བྱེད་རྒྱུ་བཅས་ཡིན་པ་རེད།
རྒྱ་ནག་དང་ར་ཤེ་ཡ་ནི་ཐབས་ཇུས་མནའ་མཐུན་ཞིག་ཡིན་པ་དང་། རྒྱལ་ཁབ་གཉིས་ཕན་ཚུན་དཔལ་འབྱོར། དམག་དོན་མཉམ་ལས་ཐད་ཡང་སེ་འབྲེལ་ལམ་བྱས་ཏེ་ཚད་བཀག་མེད་པའི་འབྲེལ་བ་བྱེད་པ་མ་ཟད། དམིགས་བསལ་ར་ཤེ་ཡས་ན་ནིང་ཕྱི་ཟླ་གཉིས་པའི་ནང་ཡུཀ་རེན་(Ukraine)་ནང་བཙན་འཛུལ་དམག་འཐབ་བྱས་པའི་རྗེས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཇེ་བཟང་དུ་ཕྱིན་ཡོད་པ་དང་། རྒྱ་ནག་གིས་ར་ཤེ་ཡ་དང་འབྲེལ་བ་ཉེ་རུ་བཏང་བར་རྒྱལ་ཁབ་གཞན་གྱིས་སྐྱོན་བརྗོད་བྱེད་བཞིན་པ་དེ་ཚོར་རྒྱ་ནག་གཞུང་གིས་ངོས་ལེན་བྱེད་ཀྱི་མེད་པ་རེད།
རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ཕྱི་ཟླ་དགུ་པའི་ཚེས་༡༨རེས་གཟའ་ཟླ་བའི་ཉིན་སྤེལ་བའི་གསལ་བསྒྲགས་ནང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་(Wang Yi)་ར་ཤེ་ཡའི་སྲུང་སྐྱོབ་ལྷན་ཁང་གི་དྲུང་ཆེ་(Nikolai Patrushev)་ཡིས་གདན་ཞུ་ལྟར། སྲུང་སྐྱོབ་ཀྱི་ལས་དོན་ཐོག་ལ་གྲོས་མོལ་གནང་རྒྱུ་ཡིན་ལུགས་བཀོད་ཡོད་པ་རེད།
དེ་བཞིན་ར་ཤེ་ཡའི་ཕྱི་སྲིད་ལྷན་ཁང་གིས་འཆར་ཅན་གསར་འགོད་ལྷན་ཚོགས་ཐོག་ལ། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་(Wang Yi)་ཡིས་ར་ཤེ་ཡའི་ཕྱི་སྲིད་བློན་ཆེན་(Sergei Lavrov)་དང་མཇལ་འཕྲད་བྱ་རྒྱུ་དང་། རྒྱ་ནག་དང་ར་ཤེ་ཡ་གཉིས་པོས་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་མཉམ་ལས་ཀྱི་ནུས་པ་ཤུགས་ཆེ་རུ་གཏོང་རྒྱུའི་འབད་བརྩོན་དང་ཤུགས་སྣོན་རྒྱག་རྒྱུའི་འཆར་གཞི་ཡོད་པའི་སྐོར་བཀོད་ཡོད་པ་རེད།
ད་དུང་དཔོན་རིགས་ཕན་ཚུན་ཡུཀ་རེན་གྱི་གནད་དོན་ལྷིང་འཇགས་ཡོང་ཐབས་དང་འབྲེལ་བའི་གནད་དོན་དང་། དེ་བཞིན་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ནང་གི་བདེ་འཇགས་དང་བརྟན་ལྷིང་རྒྱུན་གནས་སྐྲུན་ཐབས་ཐད་ཀྱི་བསམ་ཚུལ་བརྗེ་ལེན་བྱ་རྒྱུ་ཡིན་པའི་སྐོར་མགྲིན་ཚབ་པ་ཞིག་གིས་བཤད་ཡོད་པ་རེད་འདུག
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཟའ་ཟླ་བའི་ཉིན་ར་ཤེ་ཡར་མ་བསྐྱོད་གོང་གཟའ་མཇུག་ཉིན་གཉིས་རིང་ཨ་མི་རི་ཀའི་རྒྱལ་སྲུང་སློབ་སྟོན་པ་(Jack Sullivan)་དང་ཐུག་འཕྲད་ཀྱིས། ཡུཀ་རེན་གྱི་དམག་འཁྲུག་དང་ཐེ་ཝན་གྱི་གནད་དོན་སོགས་ཀྱི་ཐད་བཀའ་བསྡུར་བྱུང་འདུག་ཅིང་། ཨ་རི་དང་རྒྱ་ནག་བར་གྱི་འགག་རྩའི་འབྲེལ་ལམ་རྒྱུན་ཁྱོངས་དགོས་རྒྱུར་མོས་མཐུན་བྱས་ཡོད་འདུག
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།