ར་ཤེ་ཡ་དང་རྒྱ་ནག་གཉིས་ཀྱིས་ཨ་རི་ལ་ཁོང་ཁྲོའི་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག།

2017-12-19
གློག་འཕྲིན།
མཆན།
Share
པར་བཀོད།
ར་ཤེ་ཡའི་སྲིད་འཛིན་གྱི་མགྲིན་ཚབ་པ་ Dmitry Peskov།  རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་ Hua Chunying.
ར་ཤེ་ཡའི་སྲིད་འཛིན་གྱི་མགྲིན་ཚབ་པ་ Dmitry Peskov། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་ Hua Chunying.
ཨེ་པི།

༄༅། །ཁ་ས་ཕྱི་ཚེས་ ༡༨ ཉིན་ཨ་རིའི་སྲིད་འཛིན་ Donald Trump གྱིས་གཞུང་འཛིན་ལས་རྒྱུན་རིང་རྒྱལ་སྲུང་ཐབས་བྱུས་འཛིན་ཕྱོགས་ཀྱི་ཡིག་ཆ་ཞིག་འདོན་སྤེལ་གནང་བའི་ནང༌། ར་ཤེ་ཡ་དང་རྒྱ་ནག་གཉིས་ཨ་རིའི་དྭོགས་བཟོན་བྱེད་དགོས་པའི་ཁ་གཏད་དུ་ངོས་འཛིན་གནང་ཡོད་པ་དེར་དེ་རིང་རྒྱལ་ཁབ་དེ་གཉིས་ཀྱིས་ཁོང་ཁྲོའི་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག  
དེ་ཡང་ཨ་རི་གཞུང་གིས་འདི་ཚེས་ ༡༨ ཉིན་འདོན་སྤེལ་གནང་བའི་རྒྱལ་སྲུང་ཐབས་བྱུས་ཟེར་བའི་ཡིག་ཆ་དེའི་ནང་། རྒྱ་ནག་དང་ར་ཤེ་ཡ་གཉིས་ནི་ཨ་རིའི་སྟོབས་ཤུགས་དང༌། ཤུགས་རྐྱེན། ཁེ་ཕན་བཅས་པར་ཁ་གཏད་བཅོག་མཁན་དང༌། ཨ་རིའི་བདེ་འཇགས་དང་ཡར་རྒྱས་གོང་འཕེལ་ལ་འགོག་རྐྱེན་བཟོ་མཁན་ཡིན་པར་སོང༌། ཨ་རིའི་ཕྱོགས་ནས་རྒྱལ་ཁབ་དེ་གཉིས་ལ་དེ་ལ་གཞིགས་པས་དྭོགས་བཟོན་གྱི་སྲིད་བྱུས་འཛིན་རྒྱུ་ཡིན་ལུགས་བཀོད་ཡོད་པར་བརྟེན། དེ་རིང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་ Hua Chunying གྱིས་དེར་སྐྱོན་བརྗོད་ཀྱི་གཏམ་བཤད་བྱས་པའི་ནང༌། ཨ་རི་གཞུང་གིས་ང་ཚོའི་ཆབ་སྲིད་དང་ཐབས་བྱུས་ཀྱི་སྲིད་བྱུས་འཛིན་ཕྱོགས་ཐད་ལ་འཁྱོག་བཤད་དང༌། གྲང་དམག་གི་བལྟ་ཚུལ་ལྟ་བུའི་བསམ་བློ་རྙིང་པ་དོར་དགོས་པའི་འབོད་སྐུལ་ཞུ་གི་ཡོད། དེ་ལྟར་མ་བྱས་པ་ཡིན་ཚེ་རང་གཞན་ཚང་མར་གནོད་འཚེ་བཟོ་གི་རེད་ཅེས་དང༌། ཡང་ར་ཤེ་ཡའི་སྲིད་འཛིན་གྱི་མགྲིན་ཚབ་པ་ Dmitry Peskov ཡིས་དེ་རིང་གསར་འགོད་པར་ཨ་རིའི་ཡིག་ཆ་དེར་སྐྱོན་བརྗོད་ཀྱི་གཏམ་བཤད་གནང་བའི་ནང༌། ཡིག་ཆ་དེའི་ནང་དོན་ལ་བལྟས་པ་ཡིན་ན། འཛམ་གླིང་ནང་སྟོབས་ཆེན་རྒྱལ་ཁབ་གཅིག་རང་གཅིག་པོ་དེ་ཨ་རི་བྱེད་དགོས་པའི་བཙན་རྒྱལ་རིང་ལུགས་ཀྱི་རང་གཤིས་གསལ་པོ་མངོན་གྱི་འདུག་ཅེས་བཤད་འདུག།
གསར་འགོད་པ་ངག་ཆོས།

མཆན། (0)
Share
དྲ་གནས་ཆ་ཚང༌།