རྒྱ་ནག་གིས་གཞུང་གི་དཔོན་རིགས་ཚོར་ཞིབ་བཤེར་བྱ་རྒྱུ་ཡིན་པ།
2015.06.23
རྒྱ་ནག་གཞུང་འབྲེལ་གསར་ཤོག་གཙོས་པའི་གཞུང་གི་ཚན་པ་ཁག་ཅིག་དང་དཔོན་རིགས་ཚོར་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཞིབ་བཤེར་བྱ་རྒྱུ།
དེ་ཡང་དེ་རིང་ཚེས༢༣རེས་གཟའ་མིག་དམར་ཉིན་རྒྱ་ནག་གུང་ཁྲན་ཚོགས་པའི་ལྐོག་ཟ་རུལ་སུངས་རྟོགས་ཞིབ་ཚན་པས། རྒྱ་ནག་གཞུང་འབྲེལ་མི་དམངས་ཉིན་རེའི་ཚགས་པར་ལས་ཁུངས་གཙོས་པའི་གཞུང་གིས་གཉེར་བཞིན་པའི་ཚན་པ་ཁག་དང་། གཞུང་གི་དཔོན་རིགས་བཅས་ཁྱོན་ཚན་པ་ཁག་༢༦གི་ཐོག་ལ་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཞིབ་བཤེར་བྱ་རྒྱུ་ཡིན་ལུགས་དང་། ད་དུང་ཡང་རྒྱ་ནག་གི་ཤར་ཕྱོགས་མཁའ་འགྲུལ་ལས་ཁང་དང། Anshan ངར་ལྕགས་བཟོ་ཚོང་ལས་ཁང་། འགྲིམ་འགྲུལ་ལྷན་ཁང་དང་རྒྱ་ནག་རྒྱལ་ཡོངས་རི་ལིའི་འཛིན་སྐྱོང་ལས་ཁང་སོགས་ཀྱང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཞིབ་བཤེར་བྱ་ཡུལ་ཚན་པའི་ཁོངས་སུ་ཚུད་ཡོད་པའི་སྐོར་བཤད་ཡོད་པ་རེད།
ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཞིབ་བཤེར་བྱ་ཡུལ་གྱི་དཔོན་པོ་དང་། ཚན་པ་ཁག་༢༦དེ་དག་ནི་རྒྱ་ནག་གི་སྲིད་འཛིན་Xi Jinpingགྱིས་རྒྱ་ནག་གི་དཔོན་རིགས་དང་གལ་ཆེའི་ཚན་པའི་ཐོག་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གཏོང་བའི་ལས་འགུལ་གྱི་རྣམ་གྲངས་ཤིག་ཡིན་པ་དང་། རྒྱ་ནག་དབུས་ཞིབ་བཤེར་ལས་ཁང་ནས་ཀྱང་འདི་ལོ་རྒྱ་ནག་གཞུང་གིས་གཉེར་བའི་ཚོང་ལས་ཚན་པ་དང་། དཔལ་འབྱོར་ལྟེ་གནས་ཁང་གི་ཐོག་ལ་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཞིབ་བཤེར་བྱ་རྒྱུའི་ཁས་ལེན་བྱས་ཡོད་ཚུལ་བཀོད་ཡོད་པ་རེད། གོང་གསལ་རྒྱ་ནག་གཞུང་གིས་ལྐོག་ཟ་རུལ་སུངས་རྟོགས་ཞིབ་ཚན་པས། རྒྱ་ནག་གི་ནུས་ཤུགས་དང་གློག་འཕྲིན་ཚན་པ། དཔལ་འབྱོར་ཚན་པ་གཙོས་པའི་ཚན་པ་ཁག་གི་ཐོག་ལ་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཐོག་ཞིབ་བཤེར་བྱེད་འགོ་བཙུགས་པའི་རྗེས་༢༠༡༤ ལོར་གཞུང་གི་བཟོ་ལས་ཚན་པ་ནས་མཐོ་རིམ་དཔོན་རིགས་༧༠ལྷག་གི་གོ་གནས་གནས་དབྱུངས་བཏང་བའི་གནས་ཚུལ་བྱུང་ཡོད་ལུགས་བཀོད་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།