རྒྱ་ནག་གཞུང་གིས་གླིང་ཕྲན་ནས་གླིང་ཕྲན་སྙོབ་ཐུབ་པའི་མེ་ཤུགས་འཕུར་མདེལ་ཚོད་ལྟ་ལམ་ལྷོང་བྱུང་ཚུལ་བསྒྲགས་འདུག
དེ་ཡང་རྒྱ་ནག་གི་བདེ་སྲུང་ལྷན་ཁང་གིས་བརྗོད་དོན་ལྟར་ན། འདི་ཟླའི་ཕྱི་ཚེས་༢༥་ཉིན་རེས་གཟའ་ལྷག་པ་ཉིན་རྒྱ་ནག་གཞུང་གིས་གླིང་ཕྲན་གཅིག་ནས་གླིང་ཕྲན་གཞན་ལ་སྙོབ་ཐུབ་པའི་མེ་ཤུགས་འཕུར་མདེལ་(ICBM)་ཚོད་ལྟ་ལམ་ལྷོང་ལྡན་པ་བྱུང་ཡོད་ཚུལ་བསྒྲགས་འདུག་ལ། འདི་ནི་རྒྱ་ནག་གཞུང་གིས་ལོ་ངོ་༤༠ལྷག་གི་རྗེས་སུ་དེ་འདྲ་བའི་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱས་བ་དང་པོ་ཡིན་པ་རེད། རྒྱ་ནག་གི་བདེ་སྲུང་ལྷན་ཁང་གིས་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་གི་མེ་ཤུགས་འཕུར་མདེལ་སྡེ་ཚན་གྱིས་མེ་ཤུགས་འཕུར་མདེལ་གྱི་མདེའུ་རྫུས་མ་འཁྱེར་བ་ཞིག་ཚོད་ལྟ་བྱས་པ་དེ་བཞིན་དམིགས་འབེན་གཏོང་ཡུལ་ཞི་བདེ་རྒྱ་མཚོའི་ཁུལ་ལ་སྙོབ་ཡོད་པ་བརྗོད་པ་ལས་མེ་ཤུགས་འཕུར་མདེལ་དེ་འཕངས་ཡུལ་དང་། ཞི་བདེ་རྒྱ་མཚོའི་ཁུལ་གྱི་ས་གནས་གང་དུ་འཕངས་སྐོར་གང་ཡང་གསལ་ཁ་དོད་མི་འདུག ད་རེས་ཀྱི་ཚོད་ལྟ་དེ་ནི་ལོ་འཁོར་དམག་རྩལ་སྦྱོང་བརྡར་བྱེད་བཞིན་པ་དེའི་ཆ་ཤས་ཤིག་ཡིན་ལུགས་དང་ཚོད་ལྟ་མ་བྱས་སྔོན་རྒྱལ་ཁབ་ཁག་ཅིག་ལ་སྔོན་བརྡ་བཏང་ཡོད་ཚུལ་བརྗོད་འདུག
ད་དུང་རྒྱ་ནག་གཞུང་གིས་ད་རེས་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱས་པ་དེ་ནི་རྒྱལ་སྤྱིའི་ཁྲིམས་གཞི་དང་མཐུན་པའི་ཐོག་ནས་འཕངས་བ་དང་། རྒྱལ་ཁབ་གང་ལ་ཡང་དམིགས་ཚད་བཟུང་མེད་ལུགས་འགྲེལ་བརྗོད་བྱས་འདུག
ཐེ་ཝན་གྱི་བདེ་སྲུང་དམག་དོན་ལྷན་ཁང་གིས་རྒྱ་ནག་གིས་ད་རེས་མེ་ཤུགས་འཕུར་མདེལ་འཕངས་བའི་གནས་ཚུལ་དེར་དོ་སྣང་བྱས་ཡོད་ཚུལ་བཤད་པ་ལས་གནས་ཚུལ་ཞིབ་ཕྲ་བཤད་མི་འདུག
ཟླ་བ་འདིའི་ནང་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་བྱང་ཀོ་རི་ཡས་ཀྱང་མེ་ཤུགས་འཕུར་མདེལ་ཁ་ཤས་ཚོད་ལྟ་བྱས་ཡོད་པ་རེད།
རྒྱ་ནག་གཞུང་གིས་ད་ལོའི་སྤྱི་ཟླ་༤པ་ནས་བཟུང་ཨ་མི་རི་ཀས་ཧྥི་ལི་ཕིན་ནང་ཨ་རིའི་བར་ཐག་རིང་སྙོབ་ཐུབ་པའི་མེ་ཤུགས་འཕུར་མདའི་མ་ལག་(Typhon)་བཞག་པར་ངོ་རྒོལ་དང་སྐྱོན་བརྗོད་བྱས་ཡོད་པ་རེད།
ད་སྐབས་རྒྱ་ནག་དང་ཨ་མི་རི་ཀ་གཉིས་འབྲེལ་ལམ་ཡག་པོ་མེད་པར་ཕན་ཚུན་མི་མཐུན་པའི་གནད་དོན་ཐད་ཞེད་སྣང་དངངས་ཚབས་ཡོད་པའི་སྐབས་འདིར་རྒྱ་ནག་གིས་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱས་ཏེ་རང་གི་རྡུལ་ཕྲན་མཚོན་ཆ་ཡར་རྒྱས་གོང་འཕེལ་གཏོང་ཐབས་བྱེད་བཞིན་པ་དེས་རྒྱལ་སྤྱིའི་སྤྱི་ཚོགས་ལ་སེམས་ཚབས་སློང་གཞིར་གྱུར་ཡོད་པ་ཨེ་པེ་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག་ལ། ཨ་རིའི་(Carnegie Endowment for International Peace)་ཞེས་པའི་རྒྱལ་སྤྱིའི་ནང་ཞི་བདེ་དར་འཕེལ་གཏོང་མཁན་གྱི་ཚོགས་པའི་ནང་གི་རྡུལ་ཕྲན་མཚོན་ཆའི་ཐད་མཁས་པ་(AnkitPanda)་ལགས་ཀྱིས་རྒྱ་ནག་གིས་ཕྱི་ལོ་༡༩༨༠་རྗེས་སུ་རྒྱལ་སྤྱིའི་རྒྱ་མཚོའི་ཁུལ་ལ་(ICBM)་ཞེས་པའི་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱས་པ་ཐེངས་དང་པོ་དེ་ཡིན་པ་དང་། རྒྱ་ནག་གཞུང་གིས་དེ་ནི་རྒྱུན་ལྡན་དང་ལོ་འཁོར་དམག་རྩལ་སྦྱོང་བརྡར་གྱི་ཆ་ཤས་ཤིག་ཡིན་ལུགས་འགྲེལ་བརྗོད་བྱས་པ་དེ་ནི་ཁྱད་མཚར་ཞིག་ཡིན་པས་རྒྱ་ནག་གིས་དེ་ལྟར་རྒྱུན་དུ་ལོ་འཁོར་དམག་རྩལ་སྦྱོང་བརྡར་བྱེད་ཀྱི་མེད་སྐོར་གསུངས་འདུག
རྒྱ་ནག་གཞུང་གིས་གོང་ཞུས་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱས་པ་དེ་ནི་ཨ་མི་རི་ཀའི་གྲོང་ཁྱེར་ནེའུ་ཡོག་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་ཡོངས་ལོ་འཁོར་ཚོགས་ཆེན་འཚོག་བཞིན་པའི་སྐབས་དང་འཁེལ་ཡོད་པ་རེད།
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།